ཀེམ་སྦོ་ཌི་ཡའི་ནང་སྐྱབས་བཅོལ་དུ་སླེབས་པའི་ཡུ་གུར་མི་རིགས།

སྐྱབས་བཅོལ་བ་ཡུ་གུར་མི་རིགས་ཉི་ཤུ་དེ་རྣམས་རྒྱ་ནག་ལ་རྩིས་སྤྲོད་བྱས་ན་བཙོན་འཇུག་གམ་ཉེས་པ་སྲོག་ཐོག་གཏོང་རྒྱུའི་འཇིགས་སྣང་།

2009-12-22
Share

༄༅༎སྲིད་དོན་གྱི་སྐྱབས་བཅོལ་ཞུ་ཆེད་ཀེམ་སྦོ་དྲི་ཡ་ནང་བྲོས་བྱོལ་དུ་འབྱོར་བའི་ཤར་ཏུར་ཀིསི་ཐན་གྱི་ཡུ་གུར་ཁ་ཆེའི་མི་རིགས་ཉི་ཤུ་ཀེམ་སྦོ་དྲི་ཡས་རྒྱ་ནག་ལ་ཕྱིར་སློག་རྩིས་སྤྲོད་བྱས་པ་ཚོས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལྷན་ཁང་ལ་ཁོང་ཚོ་རྒྱ་ནག་ལ་ཕྱིར་སློག་རྩིས་སྤྲོད་བྱས་པ་ཡིན་ན་དུས་ཡུན་རིང་པོའི་བཙོན་འཇུག་གམ་ཉེས་པ་སྲོག་ཐོག་གཏོང་རྒྱུའི་འཇིགས་སྣང་ཡོད་པའི་སྙན་ཞུ་ཕུལ་འདུག།

ཨ་མི་རི་ཀ་དང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་སྐྱོན་བརྗོད་ཇི་ཙམ་གནང་མིན་ལ་མ་ལྟོས་པར་རེས་གཟའ་སྤེན་པའི་ཉིན་ཀེམ་སྦོ་དྲི་ཡ་གཞུང་གིས་ རྒྱ་ནག་ནས་བཏང་བའི་གནམ་གྲུའི་ནང་ཡུ་གུར་སྐྱབས་བཅོལ་བ་མི་གྲངས་ཉི་ཤུ་དེ་རྣམས་བཅུག་ནས་པེ་ཅིང་ལ་ཕྱིར་ལོག་བཏང་ཡོད་པ་རེད།     རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་མ་ ཅང་ཡུས་གློག་འཕྲིན་བརྒྱུད་ཕྱི་མི་གཞིས་ཆགས་ཀྱི་ཁྲིམས་གཞིའི་འོག་ཡུ་གུར་མི་རིགས་དེ་རྣམས་རྒྱ་ནག་ལ་ཕྱིར་སློག་བྱས་ཡོད་པ་དང༌། མི་དེ་ཚོ་ཉེས་ཅན་པ་ཡིན་སྐོར་སྐྱོན་འཛུགས་བྱས་འདུག། ཀེམ་སྦོ་དྲི་ཡའི་ངོས་ནས་ཡུ་གུར་མི་རིགས་དེ་ཚོས་ཁྲིམས་འགལ་ཐོག་ནས་ཀེམ་སྦོ་དྲི་ཡའི་ནང་འཛུལ་ཞུགས་བྱས་པར་བརྟེན་ཁོང་ཚོ་ཕྱིར་འབུད་བྱས་ཡོད་པའི་རྒྱུ་མཚན་བརྗོད་འདུག། འོན་ཀྱང་ཀེམ་སྦོ་དྲི་ཡས་རྒྱ་ནག་གི་འདོད་མོས་ལྟར་ཡུ་གུར་མི་རིགས་རྒྱ་ནག་ལ་ཕྱིར་སློག་རྩིས་སྤྲོད་བྱས་པ་དེས་ཀེམ་སྦོ་དྲི་ཡ་དང་

རྒྱ་ནག་དབར་འབྲེལ་བ་བཟང་དུ་འགྲོ་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད་སྲིད་པ་ཞིག་རེད། དཔེར་ན། རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཤི་ཅིན་ཕིང་ཁུལ་དེར་གཞུང་འབྲེལ་ལྟ་སྐོར་བྱེད་སྐབས་ཀེམ་སྦོ་དྲི་ཡའི་ནང་གཞུང་ལམ་གསར་རྒྱག་དང་ནང་པའི་དགོན་པ་ཞིག་གསོ་བྱེད་ཡག་ལ་སོགས་པའི་ལས་འཆར་མང་པོ་ཞིག་ལ་རོགས་དངུལ་བྱ་རྒྱུའི་དོན་དུ་ཌོ་ལར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་མཁོ་འདོན་བྱ་རྒྱུའི་མཐུན་གྲོས་ཁག་བཅུ་བཞི་ཙམ་ལ་མིང་རྟགས་བཀོད་ཡོད་པ་རེད།

ཀེམ་སྦོ་དྲི་ཡའི་ནང་སྐྱབས་བཅོལ་ཞུ་ཕྱིར་བྲོས་བྱོལ་དུ་འབྱོར་བའི་ཡུ་གུར་མི་དེ་ཚོས་ཁོང་ཚོ་རྒྱ་ནག་ལ་ཕྱིར་སློག་མ་བཏང་གོང་། ཁུལ་དེའི་ནང་གི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལྷན་ཁང་ལ་ཆབ་སྲིད་ཀྱི་སྐྱབས་བཅོལ་ཐོབ་རྒྱུའི་རོགས་རམ་གནང་སྐྱོང་ཡོང་བའི་འབོད་སྐུལ་གྱི་སྙན་ཞུ་ཞིག་ཀྱང་ཕུལ་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།