དབྱིན་ཡུལ་གཞུང་གིས་སྡེ་དགེ་གཙོས་བོད་ནང་གི་གནས་སྟངས་ཐད་ཐུགས་ཚབས་ཡོད་པ་གསལ་སྟོན་གནང་བྱུང་།

2024.03.26
དབྱིན་ཡུལ་གཞུང་གིས་སྡེ་དགེ་གཙོས་བོད་ནང་གི་གནས་སྟངས་ཐད་ཐུགས་ཚབས་ཡོད་པ་གསལ་སྟོན་གནང་བྱུང་། རྒྱ་ནག་གི་ཉེན་རྟོག་པས་ཁམས་སྡེ་དགེ་རྫོང་ཁོངས་དབོན་སྟོད་ཁུལ་དུ་བོད་མི་ཚོ་འཛིན་བཟུང་སྐབས། ༠༢།༢༢།༢༠༢༤
བོད་འབྱོར། མི་སེར་གསར་འགོད་པ།

དབྱིན་ཡུལ་དུ་ཡོད་པའི་བོད་རང་དབང་ཚོགས་པས་སྡེ་དགེ་དབོན་སྟོད་ཁུལ་དུ་རྒྱ་ནག་གིས་འཛིན་བཟུང་བྱས་པའི་བོད་མི་རྣམས་གློད་གྲོལ་ཐོབ་རྒྱུར་དབྱིན་ཡུལ་གཞུང་གིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་ལྟར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དེའི་ཐད་ལན་འདེབས་གང་འདྲ་གནང་རྩིས་ཡོད་མེད་དབྱིན་ཡུལ་ཕྱི་སྲིད་ལས་ཁུངས་སུ་བཀའ་འདྲི་ཞུས་པར། ཕྱི་ཚེས་༢༥ཉིན་ཡིག་ཐོག་ལན་འདེབས་གནང་པའི་ནང་དབྱིན་ཡུལ་ཕྱི་སྲིད་དང་། ནོར་སྲིད་འཛུགས་སྐྲུན་ལས་ཁུངས་ཐུན་མོང་གི་མགྲིན་ཚབ་པ་ཞིག་གིས། ཆོས་དད་རང་དབང་དང་། འདུ་འཛོམས་དང་མཉམ་འབྲེལ། བཙན་ཤེད་ཀྱི་ངལ་རྩོལ་སྐུལ་བ་ཐེ་བའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་རྡོལ་རོལ་གཏོང་བའི་ཐད་(དབྱིན་ཡུལ་གཞུང་)་ང་ཚོར་སེམས་ཚབས་ཡོད་ལ་བོད་ནང་གི་མི་མང་རྣམས་ལ་འདུ་འཛོམས་རང་དབང་དང་རང་ཉིད་ཀྱི་ལྟ་ཚུལ་ཕྱིར་སྟོན་བྱེད་ཆོག་པའི་རང་དབང་སྤྲོད་དགོས་པ་རེད་ཅེས་བཀོད་འདུག
ཡིག་ཐོག་ལན་འདེབས་གནང་པ་དེའི་ནང་ད་དུང་། ང་ཚོས་རྒྱལ་སྤྱིའི་མཐུན་ཕྱོགས་ཁག་དང་མཉམ་འབྲེལ་གྱིས་རྒྱལ་སྤྱིའི་ཁྲོད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་དོ་སྣང་མང་བ་འབྱུང་ཐབས་སུ་ལས་ཀ་བྱེད་བཞིན་ཡོད་ལ། ཉེ་བའི་ཆར་མཚོན་ན། ༢༠༢༣་ཟླ་༡༢་ནང་འཛམ་གླིང་དཔལ་འབྱོར་ཡར་ཐོན་རྒྱལ་ཁབ་བདུན་གྱི་མཉམ་འབྲེལ་སྤྱི་བསྒྲགས་ནང་བོད་ཀྱི་གནད་དོན་སྐོར་བསྒྲགས་ཡོད། ༢༠༢༢ཟླ་༦ནང་རྒྱལ་ཁབ་༤༦དང་མཉམ་དུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཐུགས་ཚབས་ཧ་ཅང་ཆེན་པོ་ཡོད་པ་དང་། རྒྱ་ནག་དཔོན་རིགས་གིས་འགྲོ་བ་མིའི་ཐོབ་ཐང་གི་འགན་དབང་སྲུང་སྐྱོབས་བྱེད་དགོས་པ་བསྒྲགས་ཡོད་ཅེས་གསལ་སྟོན་གནང་འདུག
ཉེ་ཆར་ཕྱི་ཟླ་༣ཚེས་༢༠ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་༥༥པའི་ཐོག་རྒྱལ་ཁབ་མང་པོ་དང་མཉམ་དབྱིན་ཡུལ་གཞུང་གིས་ཀྱང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཐུགས་ཚབས་ཡོད་པ་གསུངས་ཡོད་པ་རེད།

4939af78-8087-44c9-9cc7-294c5ad7c2c1.png
དབོན་སྟོད་དགོན་གྱི་ཕྱག་མཛོད་རྒན་པ་བསྟན་འཛིན་བཟང་པོ་ལགས་དང་གྲོང་ཚོའི་ལས་བྱེད་བསྟན་འཛིན་ལགས་གཉིས་ཀྱི་པར། ༼ཟླ་ཚེས་མི་གསལ། - པར། བོད་འབྱོར། མི་སེར་གསར་འགོད་པ།


ཁམས་སྡེ་དགེ་དབོན་པོ་སྟོད་ཁུལ་དུ་རྒྱ་ནག་གཞུང་གིས་ཆུ་མཛོད་གློག་འདོན་ས་ཚིགས་རྒྱག་རྒྱུའི་ལས་གཞིར་ས་གནས་བོད་མིའི་གྲོང་ཚོ་དང་དགོན་པ་མང་པོ་གནས་སྤོ་བྱ་དགོས་པ་བཟོ་བཞིན་པའི་གནད་དོན་དང་འབྲེལ་ནས་ཕྱི་ཟླ་༢ཚེས་༡༤ནས་བཟུང་ཁུལ་དེའི་སེར་སྐྱ་མང་ཚོགས་ཀྱིས་ཞུ་འབོད་བྱས་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་རིམ་པར་སྤེལ་ཡོད་ཅིང་། རྒྱ་ནག་གཞུང་གིས་ས་གནས་བོད་མི་༡༠༠༠ལྷག་འཛིན་བཟུང་དང་བོད་མི་མང་པོར་འདྲི་རྩད་བཀག་ཉར་བྱས་ཡོད་ཅིང་། མཐར་ཕྱི་ཟླ་༣ཚེས་༢༤བར་རིམ་པས་བོད་མི་མང་པོ་ཞིག་གློད་གྲོལ་བཏང་ཡོད་ཀྱང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཕྱི་ཟླ་༣ ཚེས་༢༥ཉིན་བོད་ནས་རང་ཉིད་ཀྱི་བདེ་འཇགས་ཆེད་མིང་གསལ་འདོན་མ་བྱས་པའི་བོད་མི་ཁག་ཅིག་གིས། དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་བསྟན་འཛིན་བཟང་པོ་ལགས་དང་གྲོང་ཚོའི་ལས་བྱེད་པ་བསྟན་འཛིན་ལགས་གཉིས་མུ་མཐུད་དུ་འཛིན་བཟུང་བཀག་ཉར་འོག་ཡོད་པ་མ་ཟད། ཕྱི་ཟླ་༣ཚེས་༢༤ཉིན་ཁོང་གཉིས་ཀྱི་གྱོད་གཞི་གཞུང་ཕྱོགས་ཀྱི་གྱོད་དོན་ཞིབ་དཔྱོད་ཁང་ལ་རྩིས་སྤྲོད་བྱས་ཡོད་པ་གནས་ཚུལ་ངོ་སྤྲོད་གནང་བྱུང་།

* སྡེ་དགེ་དང་འབྲེལ་བའི་དེའི་སྔོན་གྱི་གནས་ཚུལ་ཁག ཟླ་གཉིས་བའི་ཚེས་༡༤ ཚེས་༢༠ ཚེས་༢༢ ཚེས་༢༤ ཚེས་༢༥ ཚེས་༢༧ ཟླ་གསུམ་པའི་ཚེས་༠༦


གསར་འགོད་པ། བཀྲ་ཤིས་དབང་ཕྱུག སྐལ་ལྡན་བློ་གྲོས། བསྟན་འཛིན་པདྨ།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་སུད་སིའི་གཞུང་དོན་འཚམས་གཟིགས་འགྲུབ་སྟེ་ཧྥ་རན་སིར་ཕེབས་འབྱོར་བྱུང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎