རྒྱ་ནག་ནང་གི་དོ་དམ་བཀག་ཉར་ཁང་ཆེ་ཤོས་ཞིག་གི་ནང་བཀག་སྐྱིལ་ཁང་མིག་ཆིག་ཁྲི་ཙམ་ཡོད་འདུག

2021-07-22
Share
རྒྱ་ནག་ནང་གི་དོ་དམ་བཀག་ཉར་ཁང་ཆེ་ཤོས་ཞིག་གི་ནང་བཀག་སྐྱིལ་ཁང་མིག་ཆིག་ཁྲི་ཙམ་ཡོད་འདུག ཨུ་ལུ་མུ་ཆིན་གྱི་བཀག་ཉར་བྱེད་ས་ཨང་གསུམ་པ་དང་རྒྱ་ནག་ནང་གི་བཀག་ཉར་ཁང་ཆེ་ཤོས་གྲས། ༤།༢༣།༢༡
AP

རྒྱ་ནག་ནང་གི་བཙོན་ཁང་ངམ་དོ་དམ་བཀག་ཉར་ཁང་ཆེ་ཤོས་ཞིག་གི་ནང་བཙོན་པ་བཙོན་འཇུག་བྱེད་སའི་ཁང་མིག་ཆིག་ཁྲི་ཙམ་ཡོད་པ་རེད་འདུག
དེའང་ཉེ་ཆར་རྒྱ་ནག་གཞུང་གིས་བཀོད་སྒྲིག་དང་ཆོག་མཆན་སྤྲད་ནས་ཨེ་པི་གསར་འགྱུར་ལས་ཁང་གི་གསར་འགོད་མི་སྣ་ཤིན་ཅང་ནང་བསྐྱོད་བཅུག་ཡོད་པ་དང་། ཁོང་ཚོས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གི་དབང་འོག་ཏུ་ཡོད་པའི་ཤིན་ཅང་ཨུ་ལུ་མུ་ཆིན་ཏ་བྷེན་གྲང་ཞེས་པའི་ས་གནས་དེར། ཡུ་གུར་ཁ་ཆེ་མི་རིགས་ཁྱོན་ཆེར་སྒྲིག་ཆས་གཅིགས་མཚུངས་གྱོན་ནས་དོ་དམ་བཀག་ཉར་བྱས་ནས་ཡོད་པ་དང་། ཉིན་ལྟར་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་ཀྱི་བརྙན་འཕྲིན་གློག་བརྙན་བལྟ་རུ་འཇུག་བཞིན་པའི་སྐོར་དང་། དེ་བཞིན་ཏ་བྷེན་གྲང་ཞེས་པའི་ཨུ་ལུ་མུ་ཆིན་གྱི་བཀག་ཉར་བྱེད་ས་ཨང་གསུམ་པ་ཞེས་པ་དེའི་ནང་། ཚོད་དཔག་བྱས་ན་བཙོན་ཁང་ཁང་མིག་༢༤༠་ཙམ་ཡོད་པའི་སྐོར་དང་། ས་ཆ་རྒྱ་ཁྱོན་ཨེགྷར་༢༢༠་ཙམ་ཡོད་པ་དེ་ནི་རྒྱ་ནག་ནང་གི་བཀག་ཉར་ཁང་ཆེ་ཤོས་ཤིག་ཡིན་ལ་དེ་བཞིན་འཛམ་གླིང་ནང་དུའང་ཆེ་ཤོས་ཤིག་ཀྱང་ཡིན་སྲིད་པ་རེད་ཅེས་བརྗོད་འདུག
བཙོན་ཁང་ཨང་གསུམ་པ་དེའི་ནང་དོ་དམ་བཀག་ཉར་བྱེད་སའི་བཙོན་ཁང་དེ་ཚོའི་ནང་བཙོན་པ་གྲངས་འབོར་ག་ཚོད་ཡོད་མེད་རྒྱ་ནག་གཞུང་གིས་གསལ་པོ་བརྗོད་ཀྱི་མེད་རུང་། ས་ཁྱོན་དང་ཁང་མིག་ལ་ཚོད་རྩིས་བྱས་ན་ཕལ་ཆེར་བཙོན་པ་ཆིག་ཁྲི་ཙམ་བཀག་ཉར་བྱེད་ཐུབ་ཀྱི་ཡོད་པ་དང་། ད་དུང་བཙོན་ཁང་གསར་པའང་མང་པོ་རྒྱ་བསྐྱེད་བྱེད་བཞིན་ཡོད་པའི་སྐོར་མཁའ་དབྱིངས་ནས་སྤྱི་ལོ་༢༠༡༩་ལོར་བླངས་བའི་པར་ནས་ཀྱང་ར་སྤྲོད་བྱེད་ཐུབ་པ་བཀོད་འདུག
གསར་འགོད་པ་ཚོ་ལྟ་བསྐོར་དུ་བསྐྱོད་སྐབས། དོ་དམ་བཀག་ཉར་ཁང་དེའི་ནང་གི་སྦྱོང་བརྡར་ཁང་འགའ་ཤས་སྒོ་རྒྱབ་ནས་ནང་དུ་གནས་སྟངས་གང་འདྲ་ཡོད་མེད་ཤེས་ཐབས་བྲལ་བ་དང་། གང་ལྟར་དོ་དམ་བཀག་ཉར་བྱེད་ས་དེ་ཚོའི་ནང་ཡུ་གུར་མི་རིགས་མང་པོ་དོ་དམ་བཀག་ཉར་བྱས་ཏེ་ངལ་རྩོལ་དང་བསམ་བློའི་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་རེད། དཔེར་ན། དོ་དམ་འོག་གནས་པའི་ཡུ་གུར་མི་རིགས་ཀྱི་གནས་སྟངས་ཐད་ཉམས་ཞིབ་གནང་མཁན་(Colorado)་གཙུག་ལག་སློབ་གྲྭ་ཆེན་མོའི་མི་རིགས་ཚན་རིག་མཁས་པ་(Darren Byler)་ལགས་ཀྱིས་ཀྱང་གསུངས་པར། ཤིན་ཅང་གི་ཡུ་གུར་མི་རིགས་ཚོར་ཁྲིམས་ཐོག་ནས་ཉེས་པ་ཁྲིམས་དཔྱད་གང་ཡང་མེད་པར་དོ་དམ་བཀག་ཉར་ཁང་དེའི་ནང་བཅུགས་ཡོད་པ་དེ་ཚོའི་གྲས་མང་པོ་ཞིག་ཆོས་ཕྱོགས་འདུ་འཛོམས་ལ་བསྐྱོད་པའམ་ཡང་ན་ཕྱི་རྒྱལ་ལ་བསྐྱོད་པ་ལྟ་བུའི་གནས་སྟངས་འོག་དོ་དམ་ཁང་དེའི་ནང་བཅུག་ནས་བཞག་པ་མང་པོ་ཡོད་པའི་སྐོར་བརྗོད་འདུག
གང་ལྟར་རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་མི་རིགས་ཐོག་དམ་དྲག་དྲག་གནོན་དང་། བཀག་སྐྱིལ་བྱས་ནས་ངལ་རྩོལ་ལ་བཙན་སྐུལ་བྱེད་བཞིན་པ་སོགས་ཀྱི་གནས་སྟངས་ཐད་རྒྱལ་སྤྱི་གཞུང་དང་ཚོགས་སྡེ་སྒྲིག་འཛུགས་སོགས་ཀྱིས་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་པ་རེད།

གསར་འགོད་པ། ཕྲ་རིང་བསྟན་ནོར།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།