བཞུགས་སྒར་ཁུལ་དུ་ཁྲིམས་འགལ་གྱི་ཨར་ལས་འཛུགས་བསྐྲུན་ཐད་དོ་ནན་གནང་རྒྱུ།

2019-01-10
གློག་འཕྲིན།
མཆན།
Share
པར་བཀོད།
བཞུགས་སྒར་རྡ་རམ་སཱ་ལ། ༢༠༡༨།༡༡
བཞུགས་སྒར་རྡ་རམ་སཱ་ལ། ༢༠༡༨།༡༡
Lhuboom/RFA

ཧི་མ་ཅལ་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་ནས་རྡ་རམ་ས་ལའི་ཁུལ་དུ་ཁྲིམས་འགལ་གྱི་ཨར་ལས་འཛུགས་བསྐྲུན་བྱས་པའི་རིགས་ལ་དོ་ནན་གནང་རྒྱུའི་བཀོད་ཁྱབ་བཏང་འདུག
དེ་ཡང་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལའི་ཆེས་མཐོའི་ཁྲིམས་ཁང་གིས། རྡ་རམ་ས་ལའི་ཁུལ་དུ་ཁྲིམས་འགལ་གྱི་ཁང་པ་གསར་རྒྱག་བྱས་པ་ཚོར་ཐག་གཅོད་གནང་རྒྱུའི་ཆེད་དུ་རྡ་རམ་ས་ལའི་གྲོང་སྡེ་འཆར་འགོད་ལས་ཁང་གི་ངེས་སྟོན་པར་ཁྲིམས་འགལ་གྱི་ཁང་པ་གསར་རྒྱག་བྱས་པའི་ཐོ་གཞུང་འབུལ་དགོས་པའི་བཀའ་ཁྱབ་ཞིག་བཏང་ཡོད་པ་རེད།
རྒྱ་གར་གྱི་གསར་ཤོག་ཁག་ནང་། སིམ་ལའི་ཆེས་མཐོའི་ཁྲིམས་ཁང་གིས་༢༠༠༥ ནས་༢༠༡༨ བར་དུ་རྡ་རམ་ས་ལའི་གྲོང་སྡེ་འཆར་འགོད་ལས་ཁང་གི་ངེས་སྟོན་པའི་མཚན་གཞུང་དང་། ཁྲིམས་འགལ་གྱི་ཁང་པ་འཛུགས་སྐྲུན་བྱས་པའི་ཐོ་གཞུང་། དེ་བཞིན་ཁྲིམས་འགལ་གྱིས་ཁང་པ་གསར་རྒྱག་བྱས་པ་དེ་དག་ཐོག་ཇི་ལྟར་ཐག་གཅོད་བྱས་པ་དང་ལས་དོན་ཇི་ལྟར་ལག་བསྟར་བྱས་ཡོད་མེད་ཀྱི་གནས་ཚུལ་རྣམས་སྙན་སེང་ཞུ་དགོས་པའི་བཀོད་ཁྱབ་བཏང་ཡོད་པར་བརྟེན་རྡ་རམ་ས་ལའི་ས་གནས་བོད་མིའི་འགོ་འཛིན་ཟླ་བ་རིན་ཆེན་ལགས་ཀྱིས། ད་ལྟ་བར་དུ་བོད་པའི་ཚོགས་པ་ཁག་དང་མི་སྒེར་གྱི་ཁང་པ་འཛུགས་བསྐྲུན་བྱས་པར་ཁྲིམས་མཐུན་ཡིན་མིན་ཐོག་ལ་འདྲི་རྩད་དང་རྙོག་དྲ་གང་ཡང་བྱུང་མེད་ཀྱང་། ད་ཆ་གནས་སྟངས་དེའི་ཐོག་ནས་བོད་མི་ཚོར་ཁང་པ་འཛུགས་བསྐྲུན་བྱེད་པར་ས་ཁང་བོད་པའི་མིང་ཐོག་ནས་ཉོ་མི་ཆོག་ཀྱང་མི་གཞན་མིང་ཐོག་ནས་ཉོས་ཡོད་པ་ཚོས་སོ་སོའི་ས་ཁང་དེ་ཁྲིམས་མཐུན་ཇི་ལྟར་ཆགས་ཡོད་མེད་སོགས་ཀྱི་ཐད་དོ་སྣང་དང་གཟབ་ནན་གནང་དགོས་པ་གསུངས་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན་དང་ཨྱོན་བསྟན་འཛིན།

མཆན། (0)
Share
དྲ་གནས་ཆ་ཚང༌།