རྡ་རམ་སཱ་ལར་ཆར་བ་ཤུགས་ཆེར་འབབ་བཞིན་པར་བརྟེན་ཉིན་ཤས་རིང་ཡིད་གཟབ་གནང་དགོས་བའི་སྔོན་བརྡ་བཏང་འདུག

2021.07.12
རྡ་རམ་སཱ་ལར་ཆར་བ་ཤུགས་ཆེར་འབབ་བཞིན་པར་བརྟེན་ཉིན་ཤས་རིང་ཡིད་གཟབ་གནང་དགོས་བའི་སྔོན་བརྡ་བཏང་འདུག རྡ་རམ་སཱ་ལར་ཆར་བ་ཤུགས་ཆེར་བབས་པ་དང་ཆུ་ལོག་རྒྱུག་སྐབས། ༧།༡༢།༢༡
RFA/Dhasa

རྡ་རམ་སཱ་ལར་ཆར་བ་ཤུགས་ཆེར་བབས་པ་དང་ཆུ་ལོག་རྒྱུག་ནས་རླངས་འཁོར་སོགས་ཆུས་ཁུར་བ་དང་གཞུང་ལམ་ལ་གནོད་སྐྱོན་ཐེབས་ཡོད་པར་ད་དུང་མུ་མཐུད་དུ་ཆུ་ལོག་ཡོང་སྲིད་པའི་ནམ་གཤིས་སྔོན་བརྡ་བཏང་འདུག
བཞུགས་སྒར་རྡ་རམ་སཱ་ལར་སྤྱི་ཟླ་༧་པའི་ཚེས་༡༡་གི་མཚན་མོ་དང་༡༢་ཉིན་མུ་མཐུད་དུ་ཆར་དུས་ཆར་ཤུགས་ཆེན་པོར་བབས་པར་བརྟེན། སྦག་སུ་ས་གནས་དང་རྡ་རམ་སཱ་ལའི་རྡ་ཤོད་ཁུལ་བཅས་སུ། རླངས་འཁོར་ཁ་ཤས་ཆུས་ཁུར་བ་དང་ཆག་སྐྱོན་བཟོས་པ། ཆུ་ནང་དུ་འཐིམས་པ་སོགས་བྱུང་བ་མ་ཟད། ཚོང་ཁང་དང་ཟ་ཁང་ཁ་ཤས་ལའང་གཏོར་སྐྱོན་ཐེབས་ཡོད་ནའང་། མི་ཤི་རྨས་ཀྱི་གནས་ཚུལ་བྱུང་མེད་པ་རེད། དེའི་རྐྱེན་ད་སྐབས་ལྗོངས་རྒྱུ་ལྟ་སྐོར་བ་ཧ་ཅང་མང་པོ་འབྱོར་བཞིན་པ་ཚོར། དཀའ་ངལ་མི་ཉུང་བ་འཕྲད་བཞིན་པ་དང་། ལྗོངས་རྒྱུ་བ་རཱ་ལྗེན་ཨ་རུ་རཱ་ལགས་ཀྱིས་འདི་གའི་གསར་འགོད་པར། ཁོ་རང་གི་མི་ཚེའི་ནང་རང་བྱུང་གི་འཇིག་པ་ཉེན་ཁ་ཅན་དེ་འདྲ་ཐག་ཉེ་ས་ནས་མཐོང་བ་ཐེངས་དང་པོ་ཡིན། གང་ས་གང་དུ་རླངས་འཁོར་མང་པོ་ཆུ་ལོག་གིས་ཁུར་ནས་སྤུངས་བཞག་པས་འགྲོ་ལམ་རྙེད་དཀའ་བ་སོགས། ལྗོངས་རྒྱུའི་གུང་སེང་འདི་སྐྱིད་པོ་མེད་པ་བཟོས་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།
ཡང་རྒྱ་གར་པཎ་ཇབ་མངའ་སྡེ་ནས་ཡོང་བའི་རཱ་ཇེ་ཤི་བྷོ་ལ་ལགས་ཀྱིས། སྤྱིར་བཏང་ཆར་དུས་སུ་ཆར་པ་འབབ་པ་ནི་ཆོས་ཉིད་ཡིན་ནའང་། འདི་ལྟར་ཆར་ཤུགས་ཆེན་པོ་བརྒྱབས་པ་ནི་རྒྱུན་ལྡན་མིན་པའི་སྣང་ཚུལ་ཅིག་ཡིན་པ་དང་། ཆར་པ་འདི་འདྲ་མཐོང་བ་ཐེངས་མ་དང་པོ་ཡིན་པས། ང་རང་ཧ་ལས་ཧོན་འཐོར་དགོས་པ་བཟོས་བྱུང་། ངའི་རླངས་འཁོར་རྦད་དེ་ཆག་སྐྱོན་བཟོས་ཡོད་པས་ཉེན་སྲུང་ལས་ཁུངས་དུ་འགྲོ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་གི་འདུག

dharamsala (2).jpg
དེ་བཞིན་རྡ་རམ་ས་ལའི་གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་སྐུ་ཞབས་ཨོམ་ཀར་སིང་ནེ་རི་ལགས་ནས། རྡ་རམ་ས་ལར་ཆར་པ་ཤུགས་ཆེན་པོ་རྒྱབ་པའི་རྐྱེན་གྱིས། ཡུལ་སྐོར་སྤྲོ་འཆམ་པ་མང་སའི་སྦག་སུ་ཁུལ་དུ། ནམ་རྒྱུན་ཟ་ཁང་དང་མགྲོན་ཁང་ཚོས་གད་སྙིགས་གང་སར་གཡུག་པར་བརྟེན། ད་རེས་ཆར་པ་ཆེན་པོ་བརྒྱབས་སྐབས་གཡས་གཡོན་གྱི་ཆུ་ཡུར་འགགས་ཏེ། ཆུ་ལམ་གཞུང་ལ་སླེབས་ནས་འཐུང་ཆུ་ཡོང་སའི་སྦུག་མདོང་(Pipe)་ཆག་སྐྱོན་བྱུང་བ་སོགས་གནོད་ཐེབས་བྱུང་བས། ཧི་མ་ཅལ་མངའ་སྡེ་གཞུང་གི་གནམ་གཤིས་བརྟག་དཔྱད་ཁང་གི་འབྲེལ་ཡོད་ལས་བྱེད་ཅིག་ནས། མི་མང་ནས་ཡིད་གཟབ་གནང་དགོས་ཀྱི་འབོད་སྐུལ་གནང་ཡོད་པ་རེད།
གནམ་གཤིས་སྔོན་བརྡ་གཞིར་བཟུང་ན།ད་དུང་ཡང་ཉི་མ་ཁ་ཤས་ཀྱི་རིང་། རྡ་རམ་ས་ལར་ཆར་ཤུགས་ཆེན་པོ་འབབ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པས། བཞུགས་སྒར་ཁུལ་གྱི་བོད་མི་དང་རྒྱ་གར་ཡུལ་མིའི་ཟ་ཁང་དང་ཚོང་ཁང་མང་ཆེ་ཤོས་སྒོ་བརྒྱབས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དིང་རི་རྫོང་དུ་སླར་ཡང་ཕྱི་ཚེས་ ༡༣ ཉིན་ས་ཡོམ་འགུལ་ཚད་ ༥.༡ ཅན་ཞིག་བརྒྱབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎