བཞུགས་སྒར་དུ་བོད་ནང་དུ་ས་ཡོམ་གྱི་གོད་ཆགས་རྐྱེན་གནོད་འཚེ་ཕོག་མཁན་རྣམས་ཀྱི་ཆེད་མར་མེ་ཁྲོམ་སྐོར་དང་མཆོད་འབུལ་སྨོན་ལམ་གནང་བ།

2025.01.09
བཞུགས་སྒར་དུ་བོད་ནང་དུ་ས་ཡོམ་གྱི་གོད་ཆགས་རྐྱེན་གནོད་འཚེ་ཕོག་མཁན་རྣམས་ཀྱི་ཆེད་མར་མེ་ཁྲོམ་སྐོར་དང་མཆོད་འབུལ་སྨོན་ལམ་གནང་བ། བཞུགས་སྒར་དུ་མར་མེ་ཁྲོམ་སྐོར་དང་མཆོད་འབུལ་སྨོན་ལམ་སྐབས། ༢༠༢༥།༠༡།༠༨ ཉིན།
RFA/ Tenzin Woeser

ཟླ་ ༡ ཚེས་ ༧ ཉིན་བོད་ཀྱི་གཞིས་ཀ་རྩེ་ཁུལ་སྟོད་དིང་རི་རྫོང་དང་། ངམ་རིང་རྫོང་། ལྷ་རྩེ་རྫོང་སོགས་སུ་ས་ཡོམ་འགུལ་ཚད་ ༧.༡ བྱུང་བ་ནས་བོད་མི་ ༡༢༦ འདས་གྲོངས་སུ་ཕྱིན་ཡོད་པ་དང་། ས་གནས་བོད་མི་མང་དག་ཅིག་ལ་རྨས་སྐྱོན་ཕོག་ཡོད་པར་བརྟེན་འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་རྣམས་ནས་རྐྱེན་འདས་སུ་ཕྱིན་པ་རྣམས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་སོགས་ཀྱི་བརྒྱུད་གདུང་སེམས་མཉམ་སྐྱེད་གནང་གི་ཡོད་པ་བཞིན། ཟླ་ ༡ ཚེས་ ༨ ཉིན་གྱི་ཕྱི་དྲོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བཞི་ཐུན་མོང་གིས་གདུང་སེམས་མཉམ་སྐྱེད་ཀྱི་མར་མེ་ཁྲོམ་སྐོར་ཞིག་མེག་གྷན་ཁྲོམ་གཞུང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་བར་དང་། དེ་རྗེས་ཐག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་གནང་སོང་།

Pic1 (1).jpg
བཞུགས་སྒར་དུ་མར་མེ་ཁྲོམ་སྐོར་དང་མཆོད་འབུལ་སྨོན་ལམ་སྐབས། ༢༠༢༥།༠༡།༠༨ ཉིན།

གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞི་ཐུན་མོང་གིས་གདུང་སེམས་མཉམ་སྐྱེད་ཀྱི་མར་མེ་ཁྲོམ་སྐོར་དང་མཆོད་འབུལ་སྨོན་ལམ་གོ་སྒྲིག་གནང་དགོས་དོན་ནི། བོད་ནང་གི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད་དུ་ཡིན་ཞིང་། ལྷག་པར་ཐེངས་འདིར་བོད་ནང་ས་ཡོམ་བྱུང་རྐྱེན་གཙོ་བོ་ནི་རྒྱ་ནག་གཞུང་གིས་རྒྱུན་ཆད་མེད་པར་བོད་ཀྱི་ཁོར་ཡུག་དང་རང་འབྱུང་ཁམས་ལ་གཏོར་སྐྱོན་ཚབས་ཆེ་བྱས་རྐྱེན་ཡིན་ཡང་། རྒྱ་ནག་གཞུང་ངོས་ནས་ད་ཆ་གོད་ཆག་གི་གནས་ཚུལ་རྣམས་ཕྱི་གསལ་ནང་གསལ་མིན་པར་ལོག་འགྲེལ་བྱེད་བཞིན་ཡོད་པས། རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་ནག་གི་གནས་ཚུལ་རྣམས་ཕྱི་གསལ་ནང་གསལ་གྱིས་གསལ་སྟོན་དགོས་པའི་ནན་བརྗོད་བྱེད་ཆེད་དུ་ཡིན་ཞེས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་དར་རྒྱས་ལགས་ནས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

Pic7.jpg
བཞུགས་སྒར་དུ་མར་མེ་ཁྲོམ་སྐོར་དང་མཆོད་འབུལ་སྨོན་ལམ་སྐབས། ༢༠༢༥།༠༡།༠༨ ཉིན།

ཐེངས་འདིར་བཞུགས་སྒར་དུ་གོ་སྒྲིག་ཞུས་པའི་མར་མེ་ཁྲོམ་སྐོར་དང་མཆོད་འབུལ་སྨོན་ལམ་ཐོག་བོད་མི་ཕོན་ཆེ་མཉམ་ཞུགས་གནང་ཡོད་པ་དང་། མཉམ་ཞུགས་གནང་མཁན་བསོད་ནམས་བུ་ཁྲིད་ལགས་ཀྱིས་གསུངས་དོན་ལ། བོད་ནང་ས་ཡོམ་བྱུང་སའི་ས་ཁུལ་སྟོད་དིང་རི་རྫོང་ནི་ཁོ་མོའི་ཕ་ཡུལ་ཡིན་ཞིང་། ཁུལ་དེར་ཁོང་གི་ཕ་མ་སྤུན་མཆེད་ཆ་ཚང་གནས་བཞུགས་བྱེད་བཞིན་ཡོད་པས་གནས་ཚུལ་དེ་ཐོས་མ་ཐག་སེམས་འཚབ་ཧ་ཅང་ཆེན་པོས་མིག་ནས་མིག་ཆུ་ཤོར་ཞིང་ཅི་བྱ་གཏོལ་མེད་དུ་གྱུར་ཡོད་སྐོར་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

Pic2 (1).jpg
བཞུགས་སྒར་དུ་མར་མེ་ཁྲོམ་སྐོར་དང་མཆོད་འབུལ་སྨོན་ལམ་སྐབས། ༢༠༢༥།༠༡།༠༨ ཉིན།

གཞན་ཡང་བུ་ཆུང་ལགས་ཀྱིས་གསུངས་ན། ད་ཆ་བོད་ཀྱི་ཉག་ཕྲ་བའི་ཆབ་སྲིད་གནས་སྟངས་རྐྱེན་གྱིས་བཙན་བྱོལ་ནང་གི་བོད་མི་རྣམས་ནས་ཐད་ཀར་བོད་ནང་རོགས་སྐྱོར་ཐུབ་རྒྱུ་དཀའ་ཡང་། བོད་ནང་གནས་བཞུགས་བོད་མི་རྣམས་ནས་རང་ནུས་གང་ལྕོགས་ཀྱིས་གོད་ཆག་དེའི་རྐྱེན་གྱིས་དཀའ་ངལ་འཕྲད་སའི་མི་རྣམས་ལ་རོགས་རམ་གནང་བཞིན་པའི་བརྙན་པར་མང་པོ་མཐོང་རྒྱུ་འདུག་པས་དགའ་ཚོར་ཆེན་པོ་བྱུང་ཞིང་། ཁོང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཚོག་བཞིན་པའི་སྨོན་ལམ་གསུང་འདོན་སྐབས་གོད་ཆག་རྐྱེན་གྱིས་རྐྱེན་འདས་སུ་ཕྱིན་པའི་གཞིས་ལུས་བོད་མི་ཡོངས་ཀྱི་ཆེད་དུ་སྨོན་ལམ་འདེབས་རྒྱུ་ཡིན་སྐོར་གསུངས་བྱུང་།

Pic3 (1).jpg
བཞུགས་སྒར་དུ་མར་མེ་ཁྲོམ་སྐོར་དང་མཆོད་འབུལ་སྨོན་ལམ་སྐབས། ༢༠༢༥།༠༡།༠༨ ཉིན།

ཡང་བསྟན་འཛིན་ནོར་སྒྲོན་ལགས་ནས་བོད་ནང་དུ་ས་ཡོམ་ཚབས་ཆེ་དེ་ལྟ་བུ་བྱུང་ཡོད་པས། ཁོ་མོས་ཐད་ཀར་བོད་ནང་རོགས་རམ་མི་ཐུབ་ཀྱང་། ད་ལྟའི་ཆར་བཞུགས་སྒར་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བཞིས་གདུང་སེམས་མཉམ་སྐྱེད་ཀྱི་མར་མེ་ཁྲོམ་སྐོར་དང་། མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུས་ཡོད་པ་དེར་བཞུགས་སྒར་གནས་སྡོད་བོད་མི་རྣམས་ནས་ངེས་པར་དུ་མཉམ་ཞུགས་གནང་གལ་ཆེ་བ་ཡིན་ཞེས་གསུངས་བྱུང་།

Pic4 (1).jpg
བཞུགས་སྒར་དུ་མར་མེ་ཁྲོམ་སྐོར་དང་མཆོད་འབུལ་སྨོན་ལམ་སྐབས། ༢༠༢༥།༠༡།༠༨ ཉིན།

རྩ་བའི་བོད་ནང་དུ་ས་ཡོམ་ཚབས་ཆེན་ཞིག་བྱུང་རྐྱེན་རྐྱེན་འདས་སུ་ཕྱིན་པ་དང་གནོད་འཚེ་ཕོག་ཡུལ་མི་རྣམས་ཀྱི་ཆེད། འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་ཙམ་དུ་མ་ཟད་ཧི་མ་ལ་ཡའི་བོད་རིགས་མང་ཚོགས་རྣམས་ནས་ཀྱང་རང་རང་སོ་སོའི་ས་ཁུལ་དུ་མཆོད་འབུལ་སྨོན་ལམ་གསུང་འདོན་དང་། གདུང་སེམས་མཉམ་སྐྱེད་ཀྱི་མར་མེ་ཁྲོམ་སྐོར་སོགས་གནང་བཞིན་འདུག །

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་ས་ཡོམ་ཤུགས་ཚད་ ༧.༡ བརྒྱབ་སྟེ་མི་ ༡༢༦ རྐྱེན་འདས་དང་རྨས་སྐྱོན་ཕོག་པའི་གྲངས་འབོར་ ༡༨༨ ནས་ཚེས་ ༡༠ ཉིན་ ༣༣༧ ལ་ཕར་པ་དང་།  ཕྱི་ཚེས་ ༡༤ བར་འགུལ་ལྷག་ཐེངས་ ༣༦༡༤ ཙམ་བྱུང་པ་བསྒྲགས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་དིང་རིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་དགེ་འདུན་པ་ཕེབས་རྒྱུར་ཚོད་འཛིན་དང་བསྔོ་སྨོན་སོགས་གསུང་འཇུག་གི་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎