རྡོ་ལ་དྷར་རི་རྒྱུད་ཀྱི་འཁྱགས་རོམ་བཞུར་ཚད་མགྱོགས་སུ་འགྲོ་བཞིན་པ་དེས་རྡ་ས་ནི་ཆུ་ལོག་འབྱུང་ཉེན་ཆེ་བའི་གནས་ཤིག་ཏུ་གྱུར་ཡོད་པ། ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག

2024.11.26
རྡོ་ལ་དྷར་རི་རྒྱུད་ཀྱི་འཁྱགས་རོམ་བཞུར་ཚད་མགྱོགས་སུ་འགྲོ་བཞིན་པ་དེས་རྡ་ས་ནི་ཆུ་ལོག་འབྱུང་ཉེན་ཆེ་བའི་གནས་ཤིག་ཏུ་གྱུར་ཡོད་པ། ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག ཉམས་ཞིབ་པ་སུ་ནིལ་དར་ལགས། ༢༠༢༤།༡༡།༢༦ ཉིན།
RFA/ Tenzin Lekmon

ཉེ་ལམ་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྡོ་ལ་དྷར་རི་རྒྱུད་ཀྱི་འཁྱགས་རོམ་བཞུར་ཚད་མགྱོགས་སུ་འགྲོ་བཞིན་པ་དེས་བཞུགས་སྒར་རྡ་རམ་ས་ལ་ཚུད་པའི་ཀང་ར་ལུང་གཤོངས་ནང་ཆུ་དཀོན་པའི་ཉེན་ཁ་ཆེ་རུ་འགྲོ་སྲིད་པའི་སྐོར་གྱི་གནས་ཚུལ་ཐོབ་བཞིན་ཡོད་པ་ལྟར། བཞུགས་སྒར་དུ་ཕྱིའི་འཛུགས་སྐྲུན་མང་དག་ཅིག་ལ་བརྟེན་ནས་གནམ་གཤིས་འགྱུར་ལྡོག་ཤུགས་ཆེ་འགྲོ་བཞིན་པ་དེས། ཁུལ་དེར་ཆུ་དཀོན་པའི་དཀའ་ངལ་འཕྲད་བཞིན་པ་དང་ཐད་ཀར་འབྲེལ་བ་ཆགས་ཀྱིས་ཡོད་པ་མ་ཟད། ཆུ་ལོག་གི་རྐྱེན་ཡང་འཕྲད་ཉེན་ཆེན་པོ་ཡོད་སྐོར། སྙན་ཐོ་དེའི་ནང་གི་ཉམས་ཞིབ་པ་ (Central University of Jammu) གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་སུ་ནིལ་དར་ (Sunil Dhar) ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་བཞུགས་སྒར་གྱི་ཉེས་འཁྲིས་སུ་ཡོད་པའི་ (Dharnu) གྲོང་གསེབ་ནས་ཡིན་ཞིང་། འདས་པའི་ལོ་ ༢༥ ལྷག་གི་རིང་མེག་གྷན་ཁྲོམ་གཞུང་དུ་ཐུག་པ་བཙོང་ནས་འཚོ་གནས་བྱས་མཁན་ཞིག་ཡིན་པ་དེཤ་རཱཇ་ (Desh Raj) ལགས་སུ་གནད་དོན་དེ་དང་འབྲེལ་བཀའ་འདྲི་ཞུས་པར་ཁོང་གིས། སྔོན་མ་མེག་གྷན་ནང་ཆུའི་གནས་སྟངས་འགྲིག་བསྡད་ཡོད་ཀྱང་འདི་ལོར་དཀའ་ངལ་ཞེ་དྲགས་འཕྲད་བྱུང་། དེ་ཡང་ཆར་པ་ཡང་ཉུང་ཉུང་འགྲོ་བ་དང་གནམ་གཤིས་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་པ་དེས་ང་ཚོའི་གནས་སྟངས་ལ་དོ་ཕོག་ཤུགས་ཆེ་བཏང་སོང་། རྩ་བའི་མེག་གྷན་དང་ངའི་གྲོང་གསེབ་གཉིས་ཀར་ལོ་གསུམ་བཞི་ཙམ་ནས་ཆུ་ཇེ་ཉུང་དུ་ཕྱིན་ཡོད་ཀྱང་འདི་ལོར་དཀའ་ངལ་ཞེ་དྲག་གི་མང་བ་བྱུང་། དེ་སྔོན་མེག་གྷམ་དུ་དཀའ་ངལ་དེ་ལྟ་བུ་འཕྲད་ཀྱི་མེད་ཀྱང་ད་ལྟ་གནས་སྟངས་དེ་འདྲ་རེད་འདུག་ཅེས་འགྲེལ་བརྗོད་གནང་བྱུང་བ་དང་། ཡང་གཙུག་ལག་ཁང་གི་ཉེ་མགྲམ་དུ་ལོ་བཅུ་ཙམ་རིང་ཚལ་བཙོང་གནང་མཁན་ཨ་མིཏ་ཀུ་མར་ (Amit Kumar) ལགས་ཀྱིས། ཆུ་ནི་ཞེ་དྲགས་ཉུང་དུ་ཕྱིན་ཡོད་པ་དེས་ཞིང་ལས་སོགས་ལ་སྐྱོན་བྱེད་བཞིན་ཡོད་པ་དང་། སྔོན་མ་ནང་བཞིན་ཆུ་རགས་ལས་སླ་པོ་མེད་ཙང་ས་འོག་ནས་ཐད་ཀར་འཐེན་ཆེད་ས་འོག་ནས་ཆུ་འཐེན་འཕྲུལ་ཆས་བཙུགས་རྒྱུ་སོགས་ཀྱི་ཐབས་ལམ་འཚོལ་གྱི་ཡོད། ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

སྤྱིར་རྡོ་ལ་དྷར་རི་བརྒྱུད་ཀྱི་འཁྱགས་རོམ་གྱི་ཚད་གཞི་ཆུང་ངུ་ཡིན་ཡང་།  ཀང་ར་ལུང་གཤོངས་བརྒྱུད་ནས་རྒྱུག་བཞིན་པའི་གཙང་པོ་ཆུང་ཆུང་དེས་དེའི་ཁུལ་དུ་ལོ་གཅིག་གི་ཆུ་མཁོ་སྤྲོད་བྱེད་པར་ནུས་པ་གལ་ཆེན་འདོན་གྱི་ཡོད་པ་ཚན་རིག་པ་ཚོས་ཉེ་ཆར་ཞིབ་འཇུག་བྱས་ཡོད་ཅིང་།  ཇ་མུ་དབུས་གཙུག་ལག་སློབ་གཉེར་ཁང་གི་ཚན་རིག་ཞིབ་འཇུག་པ་ཤ་ཧི་ཀན་ཊི་རའི་དང་སུ་ནིལ་དྷར་ནས་། ཕྱི་ལོ་ ༢༠༠༠ ནས་ ༢༠༢༠ བར་ས་ཁུལ་དེའི་འཁྱགས་རོམ་གྱི་མཚེའུ་ཁག་ལ་ཞིབ་འཇུག་གིས་སྙན་ཐོ་འདོན་སྤེལ་བྱས་པ་ད་ལོ་ཟླ་གསུམ་པའི་ནང་རྒྱ་གར་གྱི་ཚན་རིག་དུས་དེབ་ཐོག་པར་སྐྲུན་བྱས་ཡོད་པ་དང་། དེའི་ནང་རྡོ་ལ་དྷར་རི་རྒྱུད་ཁུལ་དུ་སྐར་མདའ་པར་རིས་ལ་གཞི་བཅོལ་ནས་ས་ཁུལ་དེའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༥༠ ལྷག་ཙམ་ལ་ཁྱབ་པའི་འཁྱགས་རོམ་དེ་སྤྱི་ལེ་གྲུ་ཞི་མ་ ༤༢ ལྷག་བར་ཆུང་དུ་ཕྱིན་ཡོད་པ་དང་། ༢༠༢༠ ལོར་རྡོ་ལ་དྷར་རི་རྒྱུད་ཀྱི་འཁྱགས་རོམ་གྱི་མཚེའུ་ ༣༦ ནས་ ༤༣ བར་མང་དུ་ཕྱིན་ཡོད་པ་ཞིབ་འཇུག་སྙན་ཐོ་གཞིར་བཟུང་གནས་ཚུལ་སྤེལ་ཡོད་འདུག

ཚན་རིག་པ་ཚོས་རྡོ་ལ་དྷར་འཁྱགས་རོམ་གྱི་མཚེའུ་གྲངས་འབོར་འཕར་ཚད་དེ་ས་ཁུལ་དེའི་འཁྱགས་རོམ་གྱི་ཁེབས་ཚད་ཉུང་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པའི་ཁར། དགུན་དུས་ཚ་དྲོད་འཕེལ་བཞིན་པ་དེས་འཁྱགས་རོམ་གྱི་བཞུར་ཚད་མྱུར་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཆགས་ཀྱི་ཡོད་པའི་སྐོར་བརྗོད་ཡོད་ཅིང་།   ཚན་རིག་པ་ཚོས་གནམ་གཤིས་འགྱུར་ལྡོག་རྐྱེན་པས་འཁྱགས་རོམ་ཆ་ཚང་མེད་པར་གྱུར་སྲིད་པའི་ཉེན་འཚབ་བཏོན་ཡོད་པ་དུས་མཚུངས་འཁྱགས་རོམ་བཞུར་ཚད་མགྱོགས་སུ་འགྲོ་བཞིན་པ་དེས། ཁུལ་དེའི་མཚེའུ་རྡོལ་ནས་ཆུ་ལོག་གི་གནོད་འཚེ་ཡོང་རྒྱུར་སྔོན་འགོག་བྱ་དགོས་པའི་ཉེན་བརྡ་བཏང་ཡོད་པ་རེད། རྡོ་ལ་དྷར་རི་རྒྱུད་དེ་བཞིན་ཀུལ་ལུ་རྫོང་ཁོངས་ཀྱི་རོ་ཧ་ཏང་ལྭའི་ཤར་ཕྱོགས་སུ་གནས་ཡོད་པ་དང་། རྒྱ་མཚོའི་ངོས་ནས་ཆ་སྙོམས་མཐོ་ཚད་སྨི་ ༤༠༠༠ ཙམ་ཡོད་ཅིང་། རྒྱ་གར་དང་པ་ཀི་སི་ཐན་གྱི་ས་མཚམས་བརྒལ་བའི་རྭ་ཝི་ཆུ་བོ་དེ་ཡང་ཀང་ར་ལུང་གཤོངས་ཀྱི་ཆུ་བོ་བརྒྱུད་ནས་རྒྱུགས་བཞིན་ཡོད་པ་རེད།

གསར་འགོད་པ། འཆི་མེད་ལྷུན་གྲུབ།

རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་ས་ཡོམ་ཤུགས་ཚད་ ༧.༡ བརྒྱབ་སྟེ་མི་ ༡༢༦ རྐྱེན་འདས་དང་རྨས་སྐྱོན་ཕོག་པའི་གྲངས་འབོར་ ༡༨༨ ནས་ཚེས་ ༡༠ ཉིན་ ༣༣༧ ལ་ཕར་པ་དང་།  ཕྱི་ཚེས་ ༡༤ བར་འགུལ་ལྷག་ཐེངས་ ༣༦༡༤ ཙམ་བྱུང་པ་བསྒྲགས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་དིང་རིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་དགེ་འདུན་པ་ཕེབས་རྒྱུར་ཚོད་འཛིན་དང་བསྔོ་སྨོན་སོགས་གསུང་འཇུག་གི་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎