བོད་དོན་ཐད་སྔར་ལྷག་ཐུགས་སྣང་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་གསུངས་འདུག

2018-02-15
གློག་འཕྲིན།
མཆན།
Share
པར་བཀོད།
ལྕམ་ནན་སེ་(Nancy Pelosi)་མཆོག་གིས་དོན་གྲུབ་དབང་ཆེན་ལགས་ཆེ་བསྟོད་སྣེ་ལེན་སྐབས། ༢༠༡༨།༢།༡༤
ལྕམ་ནན་སེ་(Nancy Pelosi)་མཆོག་གིས་དོན་གྲུབ་དབང་ཆེན་ལགས་ཆེ་བསྟོད་སྣེ་ལེན་སྐབས། ༢༠༡༨།༢།༡༤
Nancy Pelosi/Twitter

ཨ་རིའི་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནན་སེ་མཆོག་གིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་དང་མཇལ་འཕྲད་ཀྱིས་ཁོང་ལ་ཆེ་བསྟོད་འཚམས་འདྲི་གནང་འདུག
དེ་ཡང་ཕྱི་ཚེས༡༤ ཉིན་གྱི་ཕྱི་དྲོར་ཨ་རིའི་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནན་སེ་(Nancy Pelosi)་མཆོག་གིས་འཇིགས་བྲལ་ཞེས་པའི་གློག་བརྙན་བཟོ་བསྐྲུན་གནང་མཁན་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཆེ་བསྟོད་སྣེ་ལེན་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྤྱི་ཁྱབ་འགན་འཛིན་Matteo Macacci བཅས་ཀྱང་ཕེབས་འདུག
དོན་གྲུབ་དབང་ཆེན་ལགས་ནས་བོད་ནང་བོད་མིའི་དཀའ་སྡུག་གི་གནས་སྟངས་སྤྱི་དང་ལྷག་དོན་ཆབ་སྲིད་བཙོན་པའི་གནས་སྟངས་སྐོར་ངོ་སྤྲོད་སྙན་སེང་ཞུས་འདུག་ལ་ལྕམ་སྐུ་(Pelosi)་ མཆོག་གིས། ཁོང་བོད་དང་བལ་ཡུལ་གཉིས་སུ་སྔ་རྗེས་འཚམས་གཟིགས་ཕེབས་མྱོང་ཡོད་པའི་ཐོག་ནས་བོད་མིའི་གནས་སྟངས་ལ་མིག་མཐོང་ལག་ཟིན་གྱི་མཁྱེན་རྒྱ་ཡོད་པ་གསུངས་ཏེ་བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་ཞུ་རྒྱུ་ཡིན་པ་ནན་བརྗོད་གནང་འདུག
སྐུ་སྒེར་གྱི་མཇལ་འཕྲད་གྲུབ་རྗེས་ལྕམ་སྐུ་(Pelosi)་མཆོག་ནས་གྲོས་ཚོགས་ཀྱི་ཚོགས་ཁང་གཞན་ཞིག་ནང་། ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Jim McGovern) དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་(Eliot Engel) གྲོས་ཚོགས་འཐུས་མི་ལྕམ་སྐུ་(Judy Chu) གྲོས་ཚོགས་འཐུས་མི་ལྕམ་སྐུ་(Barbara lee) དེ་བཞིན་ཨ་རིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་དང་། དེ་སྔ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་(Sara Sewell)བཅས་ཕེབས་བཅར་ཞུས་ཐོག་དོན་གྲུབ་དབང་ཆེན་ལགས་ལ་འཚམས་འདྲིའི་གསོལ་སྟོན་བཤམ་འདུག
ཕྱི་ཚེས་༡༤ སྔ་དྲོར་ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་དང་སྤྱི་མཐུན་ཚོགས་པ་གཉིས་ཐུན་མོང་མཚོན་པའི་ཊོམ་ལེན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནང་དོན་གྲུབ་དབང་ཆེན་ལགས་གདན་ཞུས་གྱིས་བོད་གྱི་གནད་དོན་ཐོག་ཉན་ཞིབ་བྱས་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།