ཌོ་ནཱལཌ་ཊརམཔ་དང་ཐེ་ཝན་སྲིད་འཛིན་བཀའ་མོལ་གནང་ཡོད་པ།

2016-12-03
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་སྲིད་འཛིན་འོས་ཐོབ་པ་སྐུ་ཞབས་ཌོ་ནཱལཌ་ཊརམཔ་མཆོག་གིས་ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚཡི་དབྱིང་ཝན་དང་ཞལ་པར་ཐོག་བཀའ་མོལ་གནང་ཡོད་པ།
ཨ་རིའི་སྲིད་འཛིན་འོས་ཐོབ་པ་སྐུ་ཞབས་ཌོ་ནཱལཌ་ཊརམཔ་མཆོག་གིས་ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚཡི་དབྱིང་ཝན་དང་ཞལ་པར་ཐོག་བཀའ་མོལ་གནང་ཡོད་པ།
ཨེ་ཨེཕ་པི།

༄༅། །ཨ་རིའི་སྲིད་འཛིན་འོས་ཐོབ་པ་སྐུ་ཞབས་ཌོ་ནཱལཌ་ཊརམཔ་མཆོག་གིས་ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚཡི་དབྱིང་ཝན་དང་ཞལ་པར་ཐོག་བཀའ་མོལ་གནང་པ་དེར་རྒྱ་ནག་གིས་ཧ་ཅང་ཁོང་ཁྲོ་ཆེན་པོ་བྱེད་བཞིན་ཡོད་ན་ཡང་། སྐུ་ཞབས་ཊརམཔ་གྱིས་ཨ་མི་རི་ཀའི་ངོས་ནས་ཐེ་ཝན་ལ་ཌོ་ལར་ཐེར་འབུམ་མང་པོའི་གོ་མཚོན་ཚོང་བསྒྱུར་བྱེད་བཞིན་ཡོད་ཅིང་། ངོས་ལ་ཐེ་ཝན་སྲིད་འཛིན་གྱིས་ཞལ་པར་ཐོག་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་བར་དངས་ལེན་མི་ཆོག་པ་ག་རེ་ཡིན་ནམ་ཞེས་ལན་འདེབས་གནང་ཡོད་པ་རེད།
དེ་རིང་རྒྱ་ནག་གཞུང་གི་དབྱིན་ཡིག་ཐོག་གི་གཞུང་འབྲེལ་གསར་ཤོག་གི་ཁག་གི་ནང་ཨ་རིའི་འོས་ཐོབ་སྲིད་འཛིན་དང་ཐེ་ཝན་གྱི་སྲིད་འཛིན་དབར་བཀའ་མོལ་ཞུས་པའི་གནད་དོན་ཐད་སྐྱོན་བརྗོད་ཀྱི་རྩོམ་བྲིས་སྣ་མང་ཞིག་སྤེལ་བའི་ཁོངས་ནས། The Global Times གསར་ཤོག་གི་རྩོམ་སྒྲིག་པའི་ཆེད་བརྗོད་ནང་། གལ་ཏེ་ཊརམཔ་གྱིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་འགྱུར་བ་གཏོང་ཚེ་ལས་དོན་གཞན་གང་ཡང་འགྲུབ་རྒྱུའི་དུས་ཚོད་ཡོང་གི་མ་རེད་ཅེས་ཉེན་བརྡ་བཏང་ཡོད་ཅིང་། དེ་བཞིན་ཤིན་ཧྭ་གསར་ལས་ཁང་གིས། ཇི་སྲིད་དུ་ཝ་ཤིང་ཊོན་གྱི་ངོས་ནས་ཐེ་ཝན་ཚུད་པའི་རྒྱ་ནག་གི་རྩ་བའི་ཁེ་ཕན་ཁག་ལ་བརྩི་བཀུར་བྱེད་པ་དེ་སྲིད་དུ་རྒྱ་ནག་ནི་མཉམ་འབྲེལ་གྱི་རོགས་ཟླ་ཞིག་ཆགས་ཐུབ་རྒྱུ་ཡིན་པ་དེ་ཊརམཔ་གྱིས་ངེས་པར་ཤེས་རྟོགས་དགོས་ཀྱི་རེད་ཅེས་འཁོད་ཡོད་པ་རེད།
དེ་བཞིན་རྒྱ་ནག་ནང་གི་རྒྱལ་སྤྱིའི་འབྲེལ་ལམ་གནད་དོན་ཐད་ཡོངས་གྲགས་མཁས་དབང་དུ་ངོས་འཛིན་པ་པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ ཤི་ཡིན་ཧོང་གིས། སྲིད་འཛིན་འོས་ཐོབ་པ་ཌོ་ནཱལཌ་ཊརམཔ་གྱིས་ཐེ་ཝན་གྱི་འགོ་ཁྲིད་དང་ཞལ་པར་ཐོག་སྐད་ཆ་བཤད་པ་དེས་པེ་ཅིང་གི་ངོས་ནས་ཨ་རིའི་སྲིད་གཞུང་གསར་པས་རྒྱ་ནག་ཐོག་སྲིད་ཇུས་བཟུང་སྟངས་ཐད་སེམས་འཚབ་ཀྱི་རྣམ་པ་ཡོད་པ་དེ་ཆུང་དུ་གཏོང་ཐུབ་རྒྱུ་མིན་པ་གསུངས་ཤིང་། ཁོང་གིས་རྒྱ་ནག་གི་འགོ་ཁྲིད་ཚོའི་སེམས་ནང་ཊརམཔ་གྱི་སྣེ་འཁྲིད་པའི་ཨ་རིའི་གཞུང་གིས་རྒྱ་ནག་ཐོག་བཟུང་རྒྱུའི་སྲིད་ཇུས་ཐད་སེམས་འཚབ་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། ཐེ་ཝན་གྱི་གནད་དོན་འདི་ནི་ཨ་རི་དང་རྒྱ་ནག་དབར་གྱི་འབྲེལ་བའི་འཕེལ་རིམ་ནང་གི་གནད་དོན་གལ་འགངས་ཆེ་ཤོས་དང་ཟེ་རེག་ཤོས་དེ་ཡིན་པ་གསུངས་པར་མ་ཟད། ཊརམཔ་དང་ཁ་པར་ཐོག་སྐད་ཆ་བྱུང་བ་དེས་ཚཡི་དབྱིང་ཝན་ལ་ཐེ་ཝན་མི་དམངས་ཚོར། ཐེ་ཝན་གྱི་ངོས་ནས་ཨ་མི་རི་ཀ་དང་འབྲེལ་ལམ་བཟང་པོ་ཞིག་འཛུགས་ཐུབ་རྒྱུ་ཡིན་པའི་ཁུངས་སྐྱེལ་བྱ་རྒྱུར་ཕན་ཐོགས་འབྱུང་རྒྱུ་དང་། རྒྱ་ནག་གི་གནོན་ཤུགས་ལ་མུ་འཐུད་གདོང་ལེན་བྱ་རྒྱུར་སེམས་ཤུགས་འཕེར་བའི་གྲོགས་སུ་འགྱུར་སྲིད་པ་ཡིན་ཚུལ་བརྗོད་ཡོད་པ་རེད།།

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

མཆན། (0)
Share
དྲ་གནས་ཆ་ཚང༌།