རྒྱ་ནག་གིས་པ་ཀི་སི་ཐན་དབར་མི་མེད་དམག་གི་གནམ་གྲུ་ཚོང་འབྲེལ་གྱི་གྲོས་མཐུན།

2018-10-09
གློག་འཕྲིན།
མཆན།
Share
པར་བཀོད།
(Wing Loong II)རྟགས་ཅན་མི་མེད་མཁའ་དམག་གནམ་གྲུའི་དཔེ་གཟུགས། ༢༠༡༨།༢
(Wing Loong II)རྟགས་ཅན་མི་མེད་མཁའ་དམག་གནམ་གྲུའི་དཔེ་གཟུགས། ༢༠༡༨།༢
AP

རྒྱ་ནག་གིས་པ་ཀི་སི་ཐན་ལ་ཚད་མཐོའི་(Drone)ཞེས་མི་མེད་མཁའ་དམག་གནམ་གྲུ་གྲངས་༤༨ འཚོང་རྒྱུར་གྲོས་མཐུན་གཏན་འབེབས་བྱུང་འདུག
དེ་ཡང་རྒྱ་ནག་ནས་ ཝང་ལོང་ ༡༡ (Wing Loong II)རྟགས་ཅན་མི་མེད་མཁའ་དམག་གནམ་གྲུ་ཉོ་རྒྱུའི་གྲོས་མཐུན་དེ་བཞིན་པ་ཀི་སི་ཐན་གྱི་མཁའ་དམག་སྒྲིག་འཛུགས་ཀྱི་མི་གཟུགས་འཕྲུལ་ཆས་བཀོལ་སྤྱོད་རུ་ཁག་གི་ངོ་དེབ་བརྒྱུད་གསལ་བསྒྲགས་བྱས་ཡོད་ནའང་མི་མེད་གནམ་གྲུའི་གོང་ཚད་དང་། ག་དུས་ནང་འདྲེན་བྱེད་མིན་དེ་བཞིན་ཚོང་འབྲེལ་གྱི་གྲོས་མཐུན་དེ་གཏན་འབེབས་ག་དུས་བྱུང་མིན་སོགས་ཀྱི་གནས་ཚུལ་ཁ་གསལ་བརྗོད་མེད་ཅིང་། གསལ་བསྒྲགས་དེའི་ནང་མ་འོངས་པར་པ་ཀི་སི་ཐན་གྱི་ ཀཱམ་ར་(Kamra)ཞེས་པའི་མཁའ་དམག་སྒྲིག་འཛུགས་ཀྱི་མི་གཟུགས་འཕྲུལ་ཆས་བཀོལ་སྤྱོད་སྡེ་ཚན་དང་། རྒྱ་ནག་གི་གྲིན་ཐུ་(Chengdu) གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་གྲིན་ཐུ་(Chengdu) གནམ་གྲུ་བཟོ་ཚོང་ལས་ཁང་གཉིས་མཉམ་སྦྲེལ་གྱི་ཐོག་ནས་མི་མེད་གནམ་གྲུ་བཟོ་བསྒྲིགས་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་པ་རེད།
ཝང་ལོང་ ༡༡ (Wing Loong II) རྟགས་ཅན་གྱི་མི་མེད་གནམ་དམག་གནམ་གྲུ་དེ་བཞིན་གྲིན་ཐུ་(Chengdu) གནམ་གྲུ་བཟོ་ལས་ཁང་གིས་བཟོ་སྒྲིག་བྱས་པའི་ཚད་མཐོའི་དམག་དོན་མྱུལ་ཞིབ་ཀྱི་གནམ་གྲུ་ཡིན་འདུག་པ་དང་། པ་ཀི་སི་ཐན་ནས་མི་མེད་གནམ་གྲུ་གྲངས་༤༨ཉོ་རྒྱུའི་གན་རྒྱ་བཞག་པ་དེ་ད་བར་གནམ་གྲུ་དེ་ལྟར་ཉོ་ཚོང་གི་གན་རྒྱ་མཐོ་ཤོས་དེ་ཆགས་ཀྱི་ཡོད་ལུགས་རྒྱ་ནག་གི་དམག་དོན་དཔྱད་ཞིབ་པ་ སོང་ཀྲོང་པིངག་(Song Zhongping) ཟེར་བས་གོ་ལའི་དུས་བབ་ཞེས་པའི་རྒྱ་ནག་གི་དབྱིན་ཡིག་གསར་ཤོག་ལ་བརྗོད་འདུག
གནས་ཚུལ་ནང་གསལ་བར་འཕྲུལ་རིག་ལག་རྩལ་གྱི་ཐད་ནས་ཝང་ལོང་ ༡༡ (Wing Loong II)རྟགས་ཅན་རྒྱ་ནག་གི་མི་མེད་གནམ་དམག་གནམ་གྲུ་དེ་བཞིན་ཨ་རིའི་མི་མེད་གནམ་དམག་གནམ་གྲུ་(MQ1 Predator) དང་། (MQ-9 Reaper) ཞེས་པ་བཅས་ལས་སྤུས་ཚད་དམའ་བ་ཡོད་ནའང་ཨ་རིས་མི་མེད་གནམ་གྲུ་དེའི་རིགས་ཕྱིར་འཚོང་དེ་ཙམ་བྱེད་སྲོལ་མེད་སྟབས་རྒྱལ་སྤྱིའི་ཐོག་ཨི་རཱན་(Iran) དང་། སའོ་དྷི་ཨ་རཱ་སྦི་ཡ་(Saudi Arabia) ལ་སོགས་པའི་ཡུལ་ཁག་ནང་རྒྱ་ནག་གི་བཟོས་པའི་མི་མེད་གནམ་གྲུའི་རིགས་ལ་ཁྲོམ་རའི་གོ་སྐབས་ཆེ་བ་ཡོད་པ་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།