རི་ཉིལ་ནས་འབྲི་ཆུ་འགག་པ་དང་ཉེ་འཁོར་གྱི་ཡུལ་མི་ཚོར་དཀའ་ངལ་འཕྲད་བཞིན་འདུག

2018-10-11
གློག་འཕྲིན།
མཆན།
Share
པར་བཀོད།
ཆབ་མདོ་འཇོ་མདའ་སྤོ་ལུ་ས་ཁུལ་དུ་རི་ཉིལ་ནས་འབྲི་ཆུ་འགག་པའི་ཡུལ་དངོས། ༢༠༡༨།༡༠།༡༡
ཆབ་མདོ་འཇོ་མདའ་སྤོ་ལུ་ས་ཁུལ་དུ་རི་ཉིལ་ནས་འབྲི་ཆུ་འགག་པའི་ཡུལ་དངོས། ༢༠༡༨།༡༠།༡༡
བོད་འབྱོར།

ཆབ་མདོ་འཇོ་མདའ་སྤོ་ལུ་ས་ཁུལ་དུ་རི་ཉིལ་ནས་འབྲི་ཆུ་འགག་པའི་རྐྱེན་གྱིས་དེའི་ཉེ་འཁོར་དུ་གནས་པའི་བོད་མིའི་ཁྱིམ་ཚང་ཁག་གཅིག་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་འདུག
དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཕྱི་ཟླ་ ༡༠ ཚེས་༡༡ ཉིན་བོད་རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལུ་ཤང་ཁོངས་སུ་འབྲི་ཆུའི་ཕྱོགས་གཉིས་ཀ་ནས་རི་ཉིལ་བའི་རྐྱེན་གྱིས་འབྲི་ཆུ་གཙང་པོ་འགག་ཞིང་། ཆུ་ཚད་ཧ་ཅང་མཐོ་པོ་ཆགས་ནས་ས་ཁུལ་དེར་ཟམ་ཆེན་གཅིག་རང་ཡོད་པ་དེ་ཆུ་འོག་ཚུད་པ་དང་ རི་ཁུལ་ཆགས་པའི་ཁང་པ་ཉིལ་བ།  སྡེ་པ་ཁག་གཅིག་གི་ས་ཞིང་ཕལ་ཆེ་བ་ཆུའི་ནང་ཐིམས་ཟིན་པ་སོགས་ཛ་དྲག་གི་གནས་སྟངས་ཆགས་ཡོད་འདུག འབྲི་ཆུ་གཙང་པོའི་སྟོད་སྨད་དུ་ཡོད་པའི་སྤོ་ལུ་ཤང་གི་ནང་གྲོང་སྡེ་བཞི་ཙམ་ཡོད་པ་དེའི་ནང་བོད་མི་མི་འབོར་ ༤༠༠ ལྷག་ཙམ་གནས་སྡོད་བྱེད་བཞིན་ཡོད་འདུག་པ་དང་། སློབ་ཕྲུག་གྲངས་ ༢༨༧ ཙམ་ཡོད་པ་རྒྱ་ནག་གཞུང་འབྲེལ་(CCTV) བརྙན་འཕྲིན་ལས་ཁང་གིས་བརྗོད་འདུག   འདི་ག་རླུང་འཕྲིན་ཁང་ལ་བོད་ནས་བོད་མི་ཞིག་གིས། གལ་ཏེ་འབྲི་ཆུ་གཙང་པོ་འགག་པ་མགྱོགས་མྱུར་བཤང་མ་ཐུབ་ཚེ། ས་གནས་འདིའི་སྡོད་ཁང་དང་རྒྱུ་ནོར་བཅས་ལ་གནོད་འཚེ་ཚབས་ཆེན་ཡོང་རྒྱུ་ཡིན་པ་མ་ཟད། མིའི་ཚེ་སྲོག་ལ་ཡང་ཉེན་ཁ་འཕྲད་སྲིད་པ་བརྗོད་ཡོད་པ་རེད། ཡང་མིང་འབོད་མ་བྱས་པའི་བོད་མི་དེས་ས་གནས་སུ་རང་འབྱུང་གི་རྐྱེན་ངན་གོད་ཆགས་འདི་ལྟ་བུ་བྱུང་བ་ནི་གཙོ་བོ་འབྲི་ཆུ་རྒྱུགས་ཡུལ་དུ་ཆུ་རག་རིམ་པ་བརྒྱབ་པ་དང་། དེ་བཞིན་འབྲི་ཆུའི་ཁར་བྱེ་མ་དང་གསེར་གྱི་གཏེར་ཁ་སྔོག་འདོན་ཚད་མེད་བྱས་པ་ལས་བྱུང་བའི་བསམ་ཚུལ་བརྗོད་ཡོད་པ་རེད།
གནོད་འཚེ་ཐེབས་ཡུལ་ནས་བོད་མི་ཁག་ཅིག་གིས་འབྲི་ཆུའི་གཡས་གཡོན་ནས་རི་ཉིལ་བ་སོགས་ཀྱི་བརྙན་པར་བླངས་པའི་ནང་གཙང་པོ་བརྒལ་བ་དང་རི་ཉིལ་བ། རང་ཉིད་ཀྱི་སྡོད་ཁང་ཉིལ་བ། དེ་བཞིན་སྡོད་ཁང་ཆུ་འོག་ཚུད་ཟིན་པ་སོགས་ཡ་ང་བའི་གནས་སྟངས་འགྲེལ་བརྗོད་བྱེད་བཞིན་འདུག
གནོད་འཚེ་ཐེབས་ཡུལ་འདི་ནི་དཀར་མཛེས་དཔལ་ཡུལ་རྫོང་དང་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་དབར་ས་འབྲེལ་འཁེལ་ཞིང་། ས་གནས་གཞུང་གིས་ཛ་དྲག་ཉེན་སྐྱོབ་ཀྱི་ལས་དོན་སྤེལ་ཐབས་བྱེད་བཞིན་ཡོད་འདུག་ཀྱང་། ཆུ་ཚད་ཧ་ཅང་མཐོ་པོ་ཆགས་པའི་རྐྱེན་གྱིས་ཉེན་སྐྱོབ་ལས་དོན་ལ་འགོག་རྐྱེན་བཟོ་བཞིན་ཡོད་འདུག

གསར་འགོད་པ་ཆོས་སྐྱིད།

མཆན། (0)
Share
དྲ་གནས་ཆ་ཚང༌།