འདམ་ཉོག་བྱུང་དོན་ནི་བོད་ནང་ས་འགུལ་བྱུང་བའི་རྐྱེན་རེད་ཟེར།

2018-01-03
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
རྒྱ་གར་གྱིས་(Brahmaputra)་ཞེས་བརྗོད་བཞིན་པའི་བོད་ནས་བཞུར་ཡོང་བའི་ཡར་ཀླུང་གཙང་པོ།
རྒྱ་གར་གྱིས་(Brahmaputra)་ཞེས་བརྗོད་བཞིན་པའི་བོད་ནས་བཞུར་ཡོང་བའི་ཡར་ཀླུང་གཙང་པོ།
hiINDiA/FB

རྒྱ་གར་གྱིས་(Brahmaputra)་ཞེས་བརྗོད་བཞིན་པའི་བོད་ནས་བཞུར་བའི་ཡར་ཀླུང་གཙང་པོའི་འགྲམ་རྒྱུད་དུ་འདམ་ཉོག་བྱུང་དོན་དེ་ནི་གཙོ་བོ་ན་ནིང་བོད་ནང་ས་འགུལ་བྱུང་བའི་རྐྱེན་གྱིས་ཡིན་པ་རྒྱ་ནག་གཞུང་གིས་བརྗོད་འདུག
དེ་ཡང་རྒྱ་གར་གྱི་(IANS)་གསར་སྤེལ་ཁང་གིས་སྤྱི་ཚེས་༣་ཉིན་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་རྒྱལ་ས་ལྡི་ལི་ནང་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་(Xie Liyang)་གིས་གསར་འགོད་གསལ་བསྒྲགས་ཞིག་གི་ནང་། ཁོང་གིས་རྒྱ་ནག་གི་འབྲེལ་ཡོད་ལས་ཁུངས་ཀྱིས་ཞིབ་འཇུག་བྱས་པར་གཞིགས་ན། ན་ནིང་སྤྱི་ཟླ་༡༡་པའི་ཚེས་༡༨་ཉིན་བོད་ནང་གི་ཞོགས་པའི་ཆུ་ཚོད་༦་པའི་ཐོག་ཀོང་པོ་ཉིང་ཁྲི་གྲོང་ཁྱེར་ཀྱི་སྨན་གླིང་རྫོང་གི་ནང་ས་འགུལ་ཚད་རིམ་པ་༦.༩ ་ཅན་ཞིག་རྒྱུགས་ཡོད་པ་དང་། ས་འགུལ་དེས་ཡར་ཀླུང་གཙང་པོའི་འབབ་ཡུལ་ས་ཁུལ་གྱི་ས་ངོས་གས་གཏོར་དང་། ས་གཞི་གསར་རྗེན་སོགས་ཀྱི་ཤུགས་རྐྱེན་ཚབས་ཆེན་བྱུང་ཡོད་པ་མ་ཟད། ཡར་ཀླུང་གཙང་པོའི་ཆུའི་འབབ་རྒྱུད་དུ་ས་རུད་དང་ས་རྡོ་རྡིབ་ནས་ཆུའི་གྲུབ་ཆ་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད་པ་རེད། མདོར་བསྡུས་ན ཡར་ཀླུང་གཙང་པོི་བརྒྱུད་ནས་མེ་ཏོག་རྫོང་དུ་འབབ་མཚམས་གཙང་པོའི་ཆུ་བོ་འདམ་ཉོག་ཏུ་ཆགས་ཡོད་པ་རེད་ཅེས་བརྗོད་འདུག
རྒྱ་ནག་གཞུང་ཚབ་ཁང་གི་མི་སྣ་(Xie)་གིས་གསལ་བཤད་དེ་ནི་རྒྱ་གར་གསར་ཁང་གིས་(Brahmaputra)་ འམ་ཡར་ཀླུང་གཙང་པོའི་ནང་བྱུང་པའི་འདམ་ཉོག་དེ་ནི་རྒྱ་ནག་ཕྱོགས་ནས་ལས་གཞི་འཛུགས་སྐྲུན་བྱས་པའི་རྐྱེན་གྱི་ཡིན་པ་གནས་ཚུལ་སྤེལ་རྗེས་ལན་འདེབས་ལྟ་བུ་ཆགས་ཡོད་པ་རེད། དེ་ཡང་གནས་ཚུལ་སྤེལ་བའི་ནང་། ཆེས་ཆེ་བའི་ས་རྡོ་སྤུང་གསོག་གིས་ས་གནས་ཕྱོགས་གསུམ་ལ་ལམ་བཀག་ནས་རང་བྱུང་གི་ཆུ་མཛོད་གྲུབ་ཡོད་པ་བརྗོད་ཡོད་པ་རེད། གང་ལྟར་ཀྱང་རྒྱ་གར་ཕྱོགས་ནས་བོད་ནང་ཡར་ཀླུང་གཙང་པོའི་ཐོག་ས་རུད་གྱིས་གྲུབ་པའི་ཆུ་མཛོད་དང་མཚེའུ་གསུམ་པོ་དེས་ཆུའི་གཤམ་འོག་ཏུ་གནས་པའི་རྒྱ་གར་མི་དམངས་ས་ཡ་མང་པོར་གནོད་རྐྱེན་ཡོང་པའི་ཉེན་ཁ་ཡོད་པར་སེམས་འཚབ་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ་གུ་རུ་ཆོས་སྐྱིད།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།