བལ་ཡུལ་སྲིད་བློན་གསར་པའི་དམ་འབུལ།

བལ་ཡུལ་གྱི་སྲིད་བློན་གསར་པས་གཞུང་གསར་པ་ཞིག་འཛུགས་རྒྱུར་འབད་བརྩོན་དང་ཡུལ་གྱི་ཞི་བདེའི་ལས་དོན་མཇུག་སྐྱོང་གནང་རྒྱུ་ཡིན་པ།

2011.08.29

༄༅༎བལ་ཡུལ་གྱི་མའོ་ཤོག་ཁག་གི་འགོ་འཁྲིད་གཞོན་པ་སྦ་སྦུ་རམ་བ་ཏ་རའེ་ཡིས་སྲིད་བློན་དམ་འབུལ་གནང་བ་དང་ཁོང་གིས་གཞུང་གསར་པ་ཞིག་གསར་འཛུགས་གནང་རྒྱུར་འབད་བརྩོན་དང་གཞུང་དེས་ཡུལ་གྱི་ཞི་བདེའི་ལས་དོན་མཇུག་སྐྱོང་གནང་རྒྱུ་ཡིན་པ་རེད་ ཁོང་གིས་སྐུ་ཞབས་སྦི་ཇ་ཡ་གཆ་ཅེ་རྡར་སྲིད་བློན་གཞོན་པ་དང་ནང་སྲིད་བློན་ཆེན་གཅིག་ལྕོག་ཏུ་བསྐོ་བཞག་གནང་བ་དང་བློན་ཆེན་གཞན་རྣམས་བསྐོ་བཞག་གནང་རྒྱུར་སྲིད་དོན་ཚོགས་པ་གཞན་ཁག་དང་གྲོས་མོལ་གནང་བཞིན་ཡོད་སྐོར་གསུང་འདུག

ཁོང་རེས་གཟའ་ཟླ་བ་ཉིན་སྲིད་འཛིན་རམ་སྦ་རན་ཡ་རྡལྦ་མཆོག་གི་མདུན་སྲིད་བློན་གྱི་དམ་འབུལ་གནང་ཡོད་པ་རེད་ དགུང་གྲངས་ ༥༧ ལ་ཕེབས་པའི་སྦ་སྦུ་རམ་བ་ཏ་རའེ་དམར་ཤོག་མའོ་ཚོགས་པའི་འགོ་འཁྲིད་མཐོ་ཤོས་གཉིས་པ་དེ་ཡིན་པ་དང་ཁོང་གིས་ལོ་ངོ་ ༡༠ རིང་སྐབས་དེའི་བལ་ཡུལ་གྱི་གཞུང་དམག་དང་དམག་འཁྲུག་རྒྱབ་པའི་རྗེས་ཕྱི་ལོ་ ༢༠༠༨ ལོའི་ཡུལ་གྱི་རྒྱལ་ཡོངས་འོས་བསྡུའི་ནང་མའོ་ཚོགས་པར་རྒྱལ་ཁ་ཐོབ་ནས་གཞུང་འཛིན་བྱེད་རྒྱུའི་གོ་སྐབས་ཐོབ་ཡོད་པ་རེད་ ཁོང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཇ་ལྦ་ཧར་ལལ་ནེ་རུའུ་གཙུག་ལག་སློབ་གཉེར་ཁང་ནས་འབུམ་རམ་པའི་ལག་འཁྱེར་ཐོབ་པ་ཞིག་ཡིན་པ་དང་ཁོང་མའོ་གྱེན་ལོག་ཤོག་ཁག་ནང་ཡོད་སྐབས་གབ་ཡིབ་བསྡད་ནས་མའོ་ཤོག་ཁག་གི་འཇབ་དམག་གི་ཐབས་བྱུས་བཏོན་མཁན་གཙོ་བོ་དེ་ཡིན་པ་རེད་ རེས་གཟའ་ཉི་མའི་བལ་ཡུལ་གྱི་སྲིད་བློན་གྱི་འོས་བསྡུའི་ནང་ཁོང་ལ་རྒྱབ་བསྐྱོར་གནང་མཁན་གཙོ་བོ་ཡུལ་གྱི་ལྷོ་ཕྱོགས་མ་རྡེ་སི་མངའ་ཁུལ་གྱི་སྲིད་དོན་ཚོགས་པ་དེ་ཡིན་པ་དང་ཚོགས་པ་དེའི་འགོ་འཁྲིད་གྲས་སྐུ་ཞབས་ཇ་ཡ་པར་ཀཤ་གུཔ་ཏ་ཡིས་ཁོང་གི་ཚོགས་པར་གཞུང་ནང་བློན་ཆེན་གྱི་གོ་གནས་ ༢༦ ཡོད་པ་ནས་ ༡༡ གནང་དགོས་པའི་དགོས་འདུན་བཏོན་སྐོར་གསུང་འདུག སྲིད་བློན་གསར་པ་སྦཏ་ཏ་རའེ་མཆོག་གི་དཀའ་ངལ་གཙོ་བོ་ནི་མའོ་གྱེན་ལོག་ཤོག་ཁག་གི་དམག་མི་རྣམས་གཞུང་དམག་ནང་ཟླ་བསྒྲིལ་གནང་རྒྱུའི་དཀའ་རྙོག་དང་ཡུལ་གྱི་རྩ་ཁྲིམས་གསར་བཟོ་སོགས་ཀྱི་དཀའ་རྙོག་དུ་མ་ཞིག་་གདོང་ལེན་གནང་དགོས་ཆགས་ཡོད་པའི་གནས་ཚུལ་ཐོན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎