རྒྱ་ནག་དང་མཉམ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འགྲོ་འོང་འདྲ་མཉམ་སྐོར་གླེང་དགོས།


2020.06.18
ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་ཕྱོགས་སོ་སོའི་དར་ཆ། ༢༠༡༨ ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་ཕྱོགས་སོ་སོའི་དར་ཆ། ༢༠༡༨
REUTERS

ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་གི་ལོ་འཁོར་ཚོགས་ཆེན་སྐབས་ཡོ་རོབ་ཕྱོགས་ནས་རྒྱ་ནག་དང་མཉམ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འགྲོ་འོང་འདྲ་མཉམ་སྐོར་གླེང་དགོས་བའི་འབོད་སྐུལ་ཞུས་འདུག
ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་དང་མཉམ་ལོ་རེའི་ཆེས་མཐོའི་ཚོགས་ཆེན་ཚོགས་བཞིན་པ་དེ་བཞིན་བདུན་ཕྲག་རྗེས་མར་འཚོགས་རྒྱུའི་གྲ་སྒྲིག་གནང་བཞིན་པའི་སྐབས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཡོ་རོབ་མཐུན་ཚོགས་ཀྱི་དཔོན་རིགས་རྣམས་ཀྱིས་གོ་སྐབས་དེ་བཟུང་ནས། ཚོགས་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་དགོས་པའི་དགོས་འདུན་བཏོན་དགོས་པ་དང་། རྒྱ་ནག་གི་མི་སེར་ཡོ་རོབ་ཁུལ་དུ་རང་དབང་སྒོ་ནས་ཡོང་འཇུག་གི་ཡོད་པ་བཞིན། ཡོ་རོབ་ཀྱི་དཔོན་རིགས་གཙོས་པའི་མི་སེར་རྣམས་ཀྱང་བོད་ནང་རང་དབང་གི་སྒོ་ནས་འགྲོ་རུ་འཇུག་དགོས་པའི་གནད་དོན་ནན་བརྗོད་གནང་དགོས་པའི་འབོད་སྐུལ་གནང་འདུག
རྩ་བའི་ཆ་ནས་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་གཉིས་བར་ཆེས་མཐོའི་ལྷན་ཚོགས་དེ་བཞིན། འདི་ལོའི་ཕྱི་ཟླ་གསུམ་པའི་ནང་གནང་འཆར་ཡོད་རུང་། རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་དེ་ཕྱིར་འཐེན་གནང་དགོས་བྱུང་བར་བརྟེན། ད་ཆ་བདུན་ཕྲག་རྗེས་མ་ཕྱི་ཟླ་༦་ཚེས་༢༢་ཉིན་དྲ་ཐོག་བརྒྱུད་གནང་འཆར་ཡོད་སྐོར་ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་དང་བདེ་སྲུང་སྐུ་ཚབ་(Josep Borrell)་ལགས་ཀྱིས་འདི་ཚེས་༡༥་གཟའ་ཟླ་བའི་ཉིན་གསལ་བསྒྲགས་གནང་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡོ་རོབ་མཐུན་ཚོགས་ཀྱི་སྲིད་ཇུས་ཐད་ཀྱི་འགན་འཛིན་(Vincent Metten)་ལགས་ཀྱིས། ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་གཉིས་བར་ཆེས་མཐོའི་ལྷན་ཚོགས་གནང་འཆར་དེ་ནི། ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་གོ་སྐབས་ཤིག་མཚོན་གྱི་ཡོད་སྟབས། ཡོ་རོབ་མཐུན་ཚོགས་ཀྱིས་རང་གི་ཁེ་ཕན་ཁག་སྲུང་སྐྱོབ་གནང་བ་ཙམ་མ་ཟད། ཡོ་རོབ་མཐུན་ཚོགས་དེ་བཞིན་གསར་འཛུགས་གནང་བའི་རིན་ཐང་ཁག་ཀྱང་དར་འཕེལ་གཏོང་རྒྱུའི་གོ་སྐབས་ཤིག་ཡིན་པས། རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱེད་མུས་ཁག་མཚམས་འཇོག་དགོས་པ་ཡོ་རོབ་མཐུན་ཚོགས་ཀྱིས་དགོས་འདུན་བཏོན་དགོས་པ་དང་། དེ་སྔ་ཡོ་རོབ་མཐུན་ཚོགས་ཀྱིས་གཅིག་ལན་གཅིག་འཇལ་གྱི་རྩ་དོན་གཞིར་བཟུང་ནས་རྒྱ་ནག་གི་དཔོན་རིགས་གཙོས་པའི་རྒྱ་ནག་གི་མི་སེར་ཚོ། ཡོ་རོབ་ནང་རང་དབང་ཐོག་ནས་ཡོང་འཇུག་གི་ཡོད་པ་བཞིན། ཡོ་རོབ་ཀྱི་གསར་འགོད་པ་དང་ཕྱི་འབྲེལ་མི་སྣ། གྲོས་ཚོགས་འཐུས་མི་སོགས་གཙོས་མི་སེར་རྣམས་བོད་ནང་རང་དབང་གི་སྒོ་ནས་འགྲོ་བསྐྱོད་ཆོག་པའི་འདྲ་མཉམ་གྱི་ཐོབ་ཐང་ལེན་དགོས་བ་ནན་བརྗོད་གནང་སྟེ། རྒྱ་ནག་ལ་ཁ་གཏད་ཤུགས་ཆེ་ཙམ་གཅོག་དགོས་པའི་འབོད་སྐུལ་གནང་འདུག
ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཀྱི་དཀའ་རྙོག་འགོ་བཙུགས་པའི་རྗེས་སུ། ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་གིས་གནས་ཚུལ་འཁྱོག་བཤད་དང་། ཡོ་རོབ་ཁ་བྲལ་བཏང་སྟེ་དབང་དུ་འདུས་རྒྱུའི་རྣམ་འགྱུར་ལ་གདེང་ཚོད་ཆེན་པོའི་སྒོ་ནས་ཁ་གཏད་གཅག་ཡོད་པ་མ་ཟད། འདི་ཟླའི་ཚེས་༡༠་ཉིན་ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་གྱི་སྐུ་ཚབ་(Josep Borell་མཆོག་དང་། (European Commission)་ཡི་ཚོགས་གཞོན་(Vera)་རྣམ་གཉིས་ཀྱིས་རྒྱ་གཞུང་གིས་ཏོག་དབྱིབས་ནད་ཡམས་དང་འབྲེལ་ཡོད་དྲིལ་བསྒྲགས་ཀྱི་གནས་ཚུལ་རྫུན་མ་སྤེལ་བར་རྒྱ་ནག་གཞུང་དངོས་སུ་མིང་བཏོན་གནང་སྟེ་རྒྱ་ནག་ངོ་ཚ་པོ་དང་ཁ་སྐྱེངས་པོ་བཟོས་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎