མི་ལོ་སུམ་ཅུའི་རྗེས་ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་ལ་ཉེས་ཆད་འགེལ་རྒྱུའི་མོས་མཐུན་བྱུང་འདུག

2021.03.17
Share on WhatsApp
Share on WhatsApp
མི་ལོ་སུམ་ཅུའི་རྗེས་ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་ལ་ཉེས་ཆད་འགེལ་རྒྱུའི་མོས་མཐུན་བྱུང་འདུག ཡོ་རོབ་མཐུན་ཚོགས་ཀྱི་དར་ཆ་དང་རྒྱ་ནག་གི་རྒྱལ་དར། ༢༠༡༨
Reuters

ཡོ་རོབ་མཐུན་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཀྱིས་རྒྱ་ནག་ལ་འདས་པའི་ལོ་ངོ་སུམ་ཅུའི་རྗེས་ཉེས་ཆད་བཀག་རྒྱ་ཐོག་མ་དེ་བསྡམ་རྒྱུའི་མོས་མཐུན་གནང་འདུག
དེ་ཡང་སྤྱི་ཚེས་༡༧ཉིན། ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་མཁན་རྒྱ་ནག་གཞུང་གི་དཔོན་རིགས་ཚོ་མིང་གཞུང་ནག་པོའི་ནང་འཇུག་རྒྱུའི་མོས་མཐུན་གནང་ཡོད་པ་ཕྱི་འབྲེལ་མི་སྣ་གཉིས་ནས་གསུངས་འདུག་ལ། དེ་ནི་སྤྱི་ལོ་༡༩༨༩ལོར་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ། རྒྱ་ནག་གཞུང་གིས་སློབ་ཕྲུག་ཚོར་དྲག་གནོན་བྱས་ནས་མང་པོ་དམར་གསོད་བཏང་བའི་སྐབས་དེར། ཡོ་རོབ་མཐུན་ཚོགས་ངོས་ནས་རྒྱ་ནག་ལ་གོ་མཚོན་ཕྱིར་ཚོང་བྱེད་རྒྱུའི་བཀག་རྒྱ་བསྡམས་པ་ནས་བཟུང་། འདས་པའི་ལོ་ངོ་སུམ་ཅུའི་རིང་། ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་ལ་བསྡམས་པའི་བཀག་རྒྱ་ཐོག་མ་དེ་ཡིན་པ་དང་། ད་རེས་ཡོ་རོབ་མཐུན་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་པས། རྒྱ་ནག་གི་མི་སྒེར་པ་བཞི་དང་ཚན་པ་གཅིག་ལ་ཁོང་ཚོའི་འགྲུལ་བསྐྱོད་བཀག་སྡོམས་གནང་རྒྱུ་དང་། ད་དུང་ཁོང་ཚོའི་མ་དངུལ་སྤྲོད་ལེན་བཀག་སྡོམ་བྱེད་རྒྱུའི་ཆོག་མཆན་སྤྲད་འདུག
ཐེངས་འདིའི་བཀག་རྒྱའི་ནང་གི་མིང་གཞུང་དེ་བཞིན་དེ་ལས་གཞི་རྒྱ་ཆེ་བའི་བཀག་རྒྱའི་ཆ་ཤས་ཤིག་ཡིན་པ་དང་། ད་རེས་བཀག་རྒྱའི་མིང་གཞུང་ནང་བཅུག་པའི་གོང་ཞུས་རྒྱ་ནག་གི་མི་སྒེར་པ་བཞི་དང་ཚན་པ་དེའི་ཞིབ་ཕྲའི་མིང་གཞུང་དེ་བཞིན་སྤྱི་ཟླ་གསུམ་པའི་ཚེས་༢༢ཉིན་ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་ལྷན་ཁང་ནས་དངོས་གཞིའི་ཆོག་མཆན་གནང་རྗེས་གཞི་ནས་གསལ་བསྒྲགས་གནང་རྒྱུ་ཡིན་པ་རེད་འདུག
སྤྱིར་ཐེངས་འདིའི་ཡོ་རོབ་མཐུན་ཚོགས་ནས་རྒྱ་ནག་ཐོག་བསྡམ་རྒྱུའི་བཀག་རྒྱ་དེ་བཞིན། གཙོ་བོ་མཚོན་དོན་གྱི་རང་བཞིན་ཙམ་ཞིག་ཡིན་པ་དང་། ཡིན་ནའང་ད་རེས་དེ་འདྲའི་བཀག་རྒྱ་གཅིག་བསྡམས་གནང་བ་དེས་ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་ཐོག་སྲིད་ཇུས་དེ་སྔ་ལས་མཁྲེགས་སུ་བཏང་ཡོད་པའི་གནས་ཚུལ་དེ་མཚོན་ཐུབ་པ་ཞིག་ཡིན་པ་དང་། རྒྱུན་རིང་ཞིག་གི་ནང་ཡོ་རོབ་མཐུན་ཚོགས་ངོས་ནས་རྒྱ་ནག་དེ་རང་གི་ཚོང་ལས་གྲོགས་པོ་ཞིག་ཏུ་བརྩིས་གནང་ཡོད། འོན་ཀྱང་ད་ཆ་ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་དེས་ཤིན་ཅང་ཡུ་གུར་བ་དང་བོད་པ། དེ་བཞིན་རྒྱ་ནག་མི་དམངས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཕྱོགས་ཡོངས་ནས་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པའི་ངོས་འཛིན་གནང་ཡོད་པ་རེད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎