ཡོ་རོབ་སྤྱི་མཐུན་གྱི་ངོས་ནས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྣང་ཆུང་གཏོང་རྒྱུ་མིན་ཟེར།

2021-06-08
Share
ཡོ་རོབ་སྤྱི་མཐུན་གྱི་ངོས་ནས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྣང་ཆུང་གཏོང་རྒྱུ་མིན་ཟེར། ཡོ་རོབ་སྤྱི་མཐུན་གྱི་ཚོགས་གཙོ་སྐུ་ཞབས་(Charles Michel)
AFP

ཡོ་རོབ་སྤྱི་མཐུན་གྱིས་རྒྱ་ནག་མཉམ་ཚོང་གི་མ་རྩ་འཛུགས་ཕྱོགས་དང་འབྲེལ་བའི་གྲོས་མཐུན་བཞག་པ་དེ་འགྲིག་ཡོད་ཡིན་ཡང་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྣང་ཆུང་གཏོང་རྒྱུ་མིན་པ་ཡོ་རོབ་སྤྱི་མཐུན་གྱི་ཚོགས་གཙོས་གླེང་འདུག
དེ་ཡང་ཡོ་རོབ་སྤྱི་མཐུན་གྱི་ཚོགས་གཙོ་སྐུ་ཞབས་(Charles Michel)་ཡིས་རེས་གཟའ་ཟླ་བ་ཉིན་གསར་འགོད་པར། ཉེ་སྔོན་ཡོ་རོབ་སྤྱི་མཐུན་གྱིས་རྒྱ་ནག་ནང་ཚོང་གི་མ་རྩ་འཛུགས་ཕྱོགས་དང་འབྲེལ་བའི་(Comprehensive Agreement on Investment)་ཞེས་པའི་གྲོས་མཐུན་བཞག་པ་དེ་འགྲིག་ཡོད་ལུགས་དང་། ཡོ་རོབ་སྤྱི་མཐུན་གྱི་ངོས་ནས་རྩ་ཆེར་འཛིན་པའི་གཞི་རྩའི་རིན་ཐང་ཁག་དང་། རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཁག་གི་ཐད་སྣང་ཆུང་གཏོང་རྒྱུ་མིན་ལུགས་གསུང་ཡོད་པ་དང་། དེ་ནི་ཁོང་མི་རིང་བར་ཨ་མི་རི་ཀའི་སྲིད་འཛིན་དང་མཇལ་འཕྲད་གནང་འཆར་ཡོད་པའི་སྔ་རོལ་དུ་གསུངས་བ་ཡིན་པ་རེད།
སྔ་ལོ་ཡོ་རོབ་སྤྱི་མཐུན་གྱི་འཛིན་སྐྱོང་ཚན་པ་དེས་ལོ་ངོ་བདུན་རིང་། རྒྱ་ནག་དང་མཉམ་གྲོས་མོལ་རིམ་པ་གནང་བའི་རྗེས། གོང་ཞུས་རྒྱ་ནག་དང་ཚོང་གི་མ་རྩ་འཛུགས་ཕྱོགས་ཀྱི་གྲོས་མཐུན་དེ་བཞག་ཐུབ་པ་བྱུང་ཡོད་ནའང་དེའི་བར་རྒྱ་ནག་གིས་ཡོ་རོབ་ཀྱི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་། ཤེས་ལྡན་མི་སྣ་ཁག་ཅིག་ལ་འགྲོ་བསྐྱོད་ཐོངས་མཆན་ཐོག་ཉེས་ཆད་བཀལ་བའི་གནས་ཚུལ་བྱུང་བའི་རྗེས། གྲོས་མཐུན་དེར་ཡོ་རོབ་སྤྱི་མཐུན་ལྷན་ཁང་གིས་ད་བར་མོས་མཐུན་དག་ཐེར་གནང་མེད་པ་རེད་འདུག
གོང་ཞུས་ཡོ་རོབ་སྤྱི་མཐུན་གྱིས་རྒྱ་ནག་མཉམ་ཚོང་གི་མ་རྩ་འཛུགས་ཕྱོགས་དང་འབྲེལ་བའི་གྲོས་མཐུན་བཞག་གནང་བ་དེར། ཨ་མི་རི་ཀའི་གཞུང་གིས་བློ་འཚབ་ཤུགས་ཆེ་གནང་ཡོད་ཅིང་། ཨ་མི་རི་ཀའི་ངོས་ནས་རྒྱ་ནག་གི་དབང་ཤུགས་དེ་ཆུང་དུ་གཏོང་རྒྱུའི་དམིགས་ཡུལ་འཛིན་གྱི་ཡོད་པ་དེ་མངོན་གསལ་ཆགས་ཡོད། དེ་སྔོན་ཨ་མི་རི་ཀའི་སྲིད་འཛིན་(Donald Trump)་གྱི་གཞུང་འཛིན་སྐབས། རྒྱ་ནག་གི་ཐོག་ལ་དཔལ་འབྱོར་གྱི་ཉེས་ཆད་རིམ་པ་བཀལ་བ་ཙམ་མིན་པར་ད་ལྟའི་སྲིད་འཛིན་(Joe Biden)་གཞུང་འཛིན་གྱི་ངོས་ནས་ཀྱང་དེ་ལྟར་གྱི་སྲིད་བྱུས་མུ་མཐུད་འཛིན་བཞིན་པའི་མུར་འདས་པའི་བདུན་ཕྲག་ནང་། རྒྱ་ནག་གི་ཚོང་གཉེར་ལས་ཁང་ཁག་ཅིག་ཨ་མི་རི་ཀའི་ནང་ཚོང་གི་ལས་དོན་སྤེལ་མ་ཆོག་པའི་དམ་དྲག་གནང་ཡོད་པ་རེད།
གང་ལྟར་ཡང་ཡོ་རོབ་སྤྱི་མཐུན་ལྷན་ཁང་གི་ཚོགས་གཙོ་སྐུ་ཞབས་(Charles Michel)་ཡིས། ཡོ་རོབ་སྤྱི་མཐུན་གྱི་ངོས་ནས་རྒྱ་ནག་དང་འབྲེལ་བ་བྱེད་ཕྱོགས་དེར་ནོར་འཁྲུལ་བྱུང་མེད་ལུགས་དང་རྒྱ་ནག་ལ་ཁ་གཏད་གཅོག་པའི་མུར་མཐུན་འབྲེལ་ཡང་བྱེད་དགོས་ལུགས་གསུང་ཡོད་པ་རེད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།