ཡོ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་དང་གྲོས་མཐུན་བཞག་པ་དེར་མོས་མཐུན་མེད་པའི་གྲོས་ཆོད་བཞག་འདུག

2021-05-20
Share
ཡོ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་དང་གྲོས་མཐུན་བཞག་པ་དེར་མོས་མཐུན་མེད་པའི་གྲོས་ཆོད་བཞག་འདུག ཡོ་རོབ་གྲོས་ཚོགས་ནང་།
AFP

ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་གྲོས་ཚོགས་ཀྱིས་དེ་སྔ་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དང་རྒྱ་ནག་གཉིས་བར་ཚོང་དོན་གྲོས་མཐུན་བྱུང་བ་དེར་མོས་མཐུན་མེད་པའི་གྲོས་ཆོད་གཏན་འབེབས་གནང་འདུག
ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་གྲོས་ཚོགས་ཀྱིས་རྒྱ་ནག་དང་མཉམ་དུ་ཚོང་འབྲེལ་རྒྱ་བསྐྱེད་བཀག་སྡོམ་གྱི་གྲོས་ཆོད་དེར་འཐུས་མི་གྲངས་༥༩༩་ཡིས་རྒྱབ་སྐྱོར་དང་དགག་པ་རྒྱག་མཁན་༣༠་བར་བཞུགས་གནང་མཁན་༥༨་བྱུང་འདུག
ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་འཐུས་མི་ཁག་ཅིག་གིས། རྒྱ་ནག་གཞུང་གིས་ཤིན་ཅང་ངམ་ཤར་ཏུར་ཀིསུ་ཐན་གྱི་མངའ་ཁུལ་ནང་ཡུ་གུར་ཁ་ཆེ་བ་མང་པོ་བཙོན་འཇུག་དོ་དམ་བྱས་དང་བྱེད་བཞིན་པའི་གནད་དོན་ལ་སྐྱོན་བརྗོད་བྱས་པའི་རྗེས་སུ། རྒྱ་ནག་གཞུང་གིས་ཕྱི་ཟླ་༣་པའི་ནང་རྒྱ་ནག་ལ་སྐྱོན་བརྗོད་བྱེད་མཁན་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་གཞན་ཡང་ཆེད་ལས་པ་སོགས་ལ་རྒྱ་ནག་ནང་འགྲོ་འོང་མི་ཆོག་པ་བཅས་ཀྱིས་བཀག་སྡོམ་ཉེས་ཆད་བཀལ་བར་སོང་། འདི་ཚེས་༢༠་རེས་གཟའ་ཕུར་བུའི་ཉིན། ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་གྲོས་ཚོགས་ནས། རྒྱ་ནག་གཞུང་གི་ངོས་ནས་ཉེས་ཆད་དེ་དག་དེ་ཕྱིར་འཐེན་མ་བྱས་ན། ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་སྔར་ལོའི་ལོ་མཇུག་རྒྱ་ནག་དང་ཚོང་འབྲེལ་རྒྱ་བསྐྱེད་གཏོང་རྒྱུའི་གྲོས་མཐུན་བཞག་པ་དེར་ཡོ་རོབ་གྲོས་ཚོགས་ཀྱིས་མོས་མཐུན་མི་བྱེད་རྒྱུ་བྱས་བ་ཡིན་པ་རེད།
རྒྱ་ནག་གཞུང་གིས་ཕྱི་ཟླ་༣་པའི་ནང་ཡོ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་དང་གཞན་ཡང་ཉམས་ཞིབ་ཚན་པ་ཁག་ཅིག་ལ་རྒྱ་ནག་ནང་འགྲོ་འོང་མི་ཆོག་པའི་ཉེས་ཆད་བཀེལ་བ་དེ་ནི། སྐབས་དེར་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་གིས་རྒྱ་ནག་གཞུང་གིས་ཤིན་ཅང་ནང་ཡུ་གུར་ཁ་ཆེ་མང་ཚོགས་ས་ཡ་བརྒལ་བ་བཙོན་ར་འདྲ་བའི་གནས་བབས་འོག་ངལ་རྩོལ་བསྒྱུར་བཀོད་བྱེད་བཞིན་པའི་གནད་དོན་ལ་སྐྱོན་བརྗོད་དང་སྦྲགས། སྲིད་བྱུས་དེ་དངོས་སུ་ལག་བསྟར་བྱེད་མཁན་གྱི་རྒྱ་ནག་གཞུང་གི་དཔོན་རིགས་ཁག་ཅིག་མིང་འདོན་གྱིས་དཔོན་རིགས་དེ་རྣམས་ལ་དཔལ་འབྱོར་དང་འགྲོ་འོང་བཀག་སྡོམ་གྱི་ཉེས་ཆད་བཀེལ་ཡོད་པར། རྒྱ་ནག་གཞུང་གིས་སྐབས་དེར་དེའི་ཡ་ལན་དུ། ཨ་མི་རི་ཀ་དང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་གྲོས་ཚོགས་འཐུས་མི་གཙོས་ཆབ་སྲིད་མི་སྣ་དང་། ཆེད་ལས་པ་ཁག་ཅིག་ལ་ཕྱོགས་མཚུངས་ཀྱིས་རྒྱ་ནག་ནང་འགྲོ་འོང་བཀག་སྡོམ་བྱས་ཡོད་པ་རེད།
ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་ཨ་མི་རི་ཀ་དང་ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གི་དཔོན་རིགས་ལ་བཀལ་བའི་བཀག་སྡོམ་གྱི་ཉེས་ཆད་དེ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་དང་འགལ་བར་ཉེས་ཆད་བཅད་པ་ཁྲིམས་མཐུན་ཡིན། འོན་ཀྱང་རྒྱ་ནག་གཞུང་གིས་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་གྲོས་ཚོགས་འཐུས་མི་དང་ཆེད་ལས་པ་སོགས་ལ་བཀལ་་བའི་བཀག་སྡོམ་གྱི་ཉེས་ཆད་དེ་ཁྲིམས་མཐུན་མིན་པ་གསུངས་ཀྱི་ཡོད་པ་དང་། ཇི་སྲིད་དུ་རྒྱ་ནག་གཞུང་གིས་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་གྲོས་ཚོགས་འཐུས་མི་དང་། གཞན་མི་སྣ་ཁག་ལ་བཀལ་་བའི་ཁྲིམས་མཐུན་མིན་པའི་བཀག་སྡོམ་དེ་ཕྱིར་འཐེན་མ་བྱས་ན། དེ་སྲིད་དུ་སྔར་ལོའི་ལོ་མཇུག་ཏུ་རྒྱ་ནག་དང་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་བར་ཚོང་འབྲེལ་གཞི་རྒྱ་ཆེ་རུ་གཏོང་རྒྱུའི་གྲོས་མཐུན་བཞག་པ་དེ་ལག་བསྟར་གནང་རྒྱུ་མིན་པ་གསུངས་ཡོད་པ་རེད།
ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དང་འབྲེལ་ལམ་ཐད་རྒྱ་ནག་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་པ་དང་། རྒྱལ་སྤྱིའི་ནང་ཚོང་འབྲེལ་བྱ་ཡུལ་གྱི་ཁྲིམས་མཐུན་རྒྱལ་ཁབ་གལ་ཆེ་ཞིག་མཉམ་གྲོས་མཐུན་གཏན་འབེབས་མ་ཐུབ་པ་མངོན་པར་གསལ་བར་གྱུར་ཡོད་པ་རེད།

བསོད་ནམས།
བསོད་ནམས། says:
May 21, 2021 01:31 AM

༄༅། ཡོ་རོབ་སྒྲིག་འཛུགས་ཀྱི་རྒྱ་ནག་ལ་ཚོང་འབྲེལ་དང་མཐུན་་འབྲེལ་མ་བྱེད་པའི་ཐོག་ལ་བརྡ་ལན་ཡག་པོ་ཞིག་བཏང་འདུག ཡག་པོ་རེད། འདིའི་ཐག་གཅོད་ཐོག་ལ་སྔགས་བརྗོད་ཞུ་རྒྱུ་ཡིན་དོ། ཨེ་ཤ་ཡ་རང་དབང་རླུང་འཕྲིན་གྱི་དྲ་རྒྱ་འདུན་ཤོག་འདི་ཆེ་རུ་གཏོང་བ་ཡིན་ན་ཡག་པོ་འདུག ད་ཆ་གུས་རྣམ་པ་ཚོའི་དྲ་རྒྱའི་ཡི་གེ་རྣམས་གློག་དུས་དཀའ་ངལ་ཕྲལ་བཞིན་འདུག ཐུགས་རྗེ་ཆེ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།