ཡོ་རོབ་མཐུན་ཚོགས་སྐུ་ཚབ་ཚོགས་ཆུང་གིས་བོད་ནང་གཟིགས་སྐོར་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་འདུག
ཟླ་བ་འདིའི་ཚེས་༡༦ཉིན་རྒྱ་ནག་གི་ཁྲོན་ཆིན་(Chongqing)་གྲོང་ཁྱེར་དུ་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་བར་གྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་༣༩པ་དེ་མ་གནང་གོང་ཟླ་བ་འདིའི་ཚེས་༡༣ནས་༡༥བར་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་བོད་ནང་གཟིགས་སྐོར་གནང་ཡོད་འདུག་ལ། དེ་དང་འབྲེལ་ཁོང་ཚོས་གཞུང་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་གཞུང་ལ་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་རྒྱུ་མཚམས་འཇོག་དགོས་བ་དང་། ལྷག་པར་རྒྱ་ནག་གཞུང་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་བའི་སྐུའི་ཡང་སྲིད་ཐད་ཐེ་བྱུས་བྱེད་མི་འོས་པའི་སྐོར་ནན་བརྗོད་གནང་འདུག
ད་དུང་ཚེས་༡༧ཉིན་ཡོ་རོབ་མཐུན་ཚོགས་ཀྱི་དྲྭ་ཐོག་སྤེལ་བའི་བསྒྲགས་གཏམ་གྱི་ནང་དོན་ལྟར་ན། ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་ཐེངས་འདིའི་ལྷན་ཚོགས་སྐབས། རྒྱ་ནག་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་། བྱེ་བྲག་ཏུ་བོད་ཐེ་བའི་རྒྱ་ནག་གཞུང་གི་བཙན་དབང་འོག་ཡོད་པའི་མི་རིགས་ཁག་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ཐད་བློ་ཚབས་དང་འབྲེལ་གླེང་སློང་གནང་ཡོད་པ་མ་ཟད། ལྷག་པར་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་གནད་དོན་སྐོར་སྲིད་གཞུང་ནས་ཐེ་བྱུས་བྱེད་མི་འོས་པའི་སྐོར་ནན་བརྗོད་གནང་བ་དང་མཉམ། ཡོ་རོབ་མཐུན་ཚོགས་ཀྱིས་གཞི་རྩའི་རང་དབང་དང་། ངལ་རྩོལ་གྱི་ཐོབ་ཐང་། བཙན་ཤེད་ཀྱིས་ངལ་རྩོལ་བཀོལ་སྤྱོད་བྱེད་པ། ཁྲིམས་ལུགས་ཀྱི་འགྲོ་ལུགས་དང་མཐུན་པའི་བྱ་རིམ་གྱི་ཐོབ་ཐང་ལ་ཚད་བཀག་བྱེད་པ། རྒྱ་ནག་ནང་ཁྲིམས་ཀྱི་རང་དབང་མེད་པ་བཅས་ཀྱི་ཐད་ལ་བློ་ཚབས་ཡོད་པ་གསལ་བསྟོན་གནང་ཡོད་པའི་ཁར་། སྨྲ་བརྗོད་དང་། འདུ་འཛོམས་རང་དབང། ཆོས་དད་རང་དབང་དང་། བུད་མེད་ཀྱི་ཐོབ་ཐང་ཐེ་བའི་གནད་དོན་སྐོར་ལ་གླེང་སློང་གནང་ཡོད་འདུག
དེ་དང་ཕྱོགས་མཚུངས་ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་བཙོན་འོག་ཏུ་ཡོད་པའི་སྒོ་ཤེས་རབ་རྒྱ་མཚོ་ལགས་དང་བཀྲ་ཤིས་རྡོ་རྗེ་ལགས་སོགས་ལས་འགུལ་བ་དང་། རྩོམ་པ་པོ། ཆོས་ལུགས་ཀྱི་དབུ་ཁྲིད་བཅས་མི་སྒེར་པ་ཁག་གཅིག་གི་གནད་དོན་གླེང་གནང་ཏེ་ཁོང་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་ཡོད་འདུག
འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལྷན་ཚོགས་དེའི་སྔོན་དུ་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ཚོགས་པ་དེ་ཉིང་ཁྲི་དང་ལྷ་སར་གཟིགས་སྐོར་དུ་ཕེབས་ཏེ། རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པའི་གཟིགས་སྐོར་མཛད་རིམ་ཐུང་ངུ་ཞིག་གི་ནང་བོད་ནང་གི་བཅའ་སྡོད་སློབ་གྲྭ་དང་། གྲོང་སྡེ། རིག་གཞུང་དང་ཆོས་ལུགས་བསྟི་གནས་དགོན་སྡེ། གནས་སྤོ་བྱས་པའི་བོད་མིའི་ཁྱིམ་ཚང་། བཙོན་ཁང་བཅས་ལ་གཟིགས་སྐོར་གནང་ཡོད་ཅིང་། ཁོང་ཚོས་རེ་བ་བཏོན་པ་ལྟར་བཙོན་པ་སྒེར་སོ་སོར་ཐུག་འཕྲད་གནང་བཅུག་མེད་པ་གསལ་འདུག གཟིགས་སྐོར་གྲུབ་རྗེས་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་རྣམ་པས་སྐད་ཡིག་གཉིས་ལྡན་གྱི་ཤེས་ཡོན་ལམ་ལུགས་ལག་བསྟར་ཡོང་བ་དང་། བོད་མིའི་ཆོས་དང་རིག་གཞུང་། གཞི་རྩའི་རང་དབང་བཅས་སྲུང་སྐྱོབ་དགོས་པའི་ལམ་སྟོན་གནང་བ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་དང་གཞུང་ཁོངས་མིན་པའི་ཚོགས་སྡེ་གང་མང་བོད་ཀྱི་གནས་སྟངས་གཟིགས་སྐོར་ལ་ཕེབས་བཅུག་དགོས་པའི་རེ་སྐུལ་ཞུས་ཡོད་འདུག
འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་སྐབས་ཡོ་རོབ་ཕྱི་འབྲེལ་ལས་ཁུངས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་འགན་འཛིན་གཞོན་པ་(Paola Pampaloni)་ལགས་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་སྒྲིག་འཛུགས་དང་ཚོགས་འདུའི་འགན་འཛིན་སྤྱི་ཁྱབ་པ་ཤིན་བྷོ་(Shen Bo)་གཉིས་ཀྱིས་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ནང་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་རྣམས་ཟུར་ཉན་དུ་མཉམ་ཞུགས་གནང་ཡོད་འདུག
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།