ཨིན་ཌོ་ནེཤིཡ་ནང་ཉེན་རྟོག་པས་བོད་དོན་རྒྱབ་སྐྱོར་བ་འཛིན་བཟུང་བྱས་པ།

ཨིན་ཌོ་ནེཤིཡ་ནང་ཉེན་རྟོག་པས་ཕྱི་རྒྱལ་བ་བོད་དོན་རྒྱབ་སྐྱོར་གནང་མཁན་མི་དམངས་ཁག་ཅིག་འཛིན་བཟུང་བྱས་ཡོད་པ་རེད།

2008-04-22
Share

༄༅༎ད་རིང་སྤྱི་ཚེས་་ ༢༢ ཉིན་རྒྱ་ནག་གི་ ཨོ་ལིམ་པིཀ་ རྩེད་འགྲན་གྱི་དཔལ་འབར་ ཨིན་ཌོ་ནེཤིཡ་ ཡི་རྒྱལ་ས ཇ་ཀར་ཏ་་ ནང་བསྐོར་བསྐྱོད་བྱས་པའི་སྐབས་ཕྱི་རྒྱལ་བ་ཞིག་གིས་བོད་ཀྱི་རྒྱལ་དར་འཁྱེར་ཏེ་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་བར་བརྟེན་ ཨིན་ཌོནེཤིཡ་ ཡི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་རེད།

དེ་ཡང་ ཨིན་ཌོནེཤིཡ་ ཡི་ཉེན་རྟོག་དཔོན་རིགས་གཞོན་པ་ ཧིརི་ཝིབྷོ་ཝ་ ཡིས་གསུངས་པར། རྒྱ་ནག་གི་ཨོ་ལིམ་པིཀ་རྩེད་འགྲན་གྱི་དཔལ་འབར་སྐོར་བསྐྱོད་བྱེད་ཡུལ་རྒྱལ་ས་་ ཇྰཀར་ཏ་་ ནང་གི་རྩེད་ཐང་གི་མཐའ་སྐོར་དུ་ཉེན་རྟོག་པ་ལྔ་བརྒྱ་ལྷག་འགྲེམས་འཇོག་བྱས་པ་མ་ཟད། ཆུའི་མེ་མདའ་སོགས་གྲ་སྒྲིགས་བྱས་ཏེ་སྲུང་སྐྱོབ་ཀྱི་ལས་དོན་དམ་དྲག་བྱས་ཡོད་པའི་སྐོར་གསུངས་ཡོད་ཅིང༌། རྒྱ་ནག་གི་ཨོ་ལིམ་པིཀ་རྩེད་འགྲན་གྱི་དཔལ་འབར་སྐོར་བསྐྱོད་བྱེད་ཡུལ་གང་སར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང༌། སུ་ཌེན་ གཞུང་གིས་ ཌ་ཕུར་ ས་གནས་ནང་མི་བསད་ཁྲག་སྦྱོར་གྱི་བྱ་སྤྱོད་སྤེལ་བཞིན་པ་དེར་རྒྱ་ནག་གཞུང་གིས་མཐུན་འགྱུར་རོགས་རམ་བྱེད་ཀྱི་ཡོད་པའི་གནད་དོན། ལྷག་པར་དུ་བོད་ནང་དྲག་གནོན་བྱེད་པའི་གནད་དོན་ཐོག་ནས་ངོ་རྒོལ་ལས་འགུལ་རིམ་པ་བྱས་ཡོད་པ་བཞིན་ད་རེས་རྒྱ་ནག་གི་ ཨོ་ལིམ་པིཀ་རྩེད་འགྲན་གྱི་དཔལ་འབར་དེ་བཞིན་གནམ་ཐིབ་པ་དང་ཆར་ཤོད་ཆེ་བའི་སྐབས་ བྷུང་ཀར་ནོ་ རྩེད་ཐང་ནང་འབྱོར་ཡོད་ཅིང་། དེར་མི་དམངས་་ ༡༠༠་ ཙམ་སྔ་དྲོ་ནས་འདུ་འཛོམས་ནས་ངོ་རྒོལ་ལས་འགུལ་སྤེལ་བའི་ཁྲོད་ ཧོལེཌ་་ མི་རིགས་ཡིན་པ་ཞིག་གིས་བོད་ཀྱི་རྒྱལ་དར་འཁྱེར་ཏེ་ངོ་རྒོལ་བྱས་པ་དང་ཉེན་རྟོག་པས་ཕྱི་རྒྱལ་བ་བོད་དོན་རྒྱབ་སྐྱོར་གནང་མཁན་ཁོང་གཙོས་པའི་ངོ་རྒོལ་བྱེད་མཁན་མི་དམངས་ཁག་ཅིག་འཛིན་བཟུང་བྱས་ཡོད་པ་རེད། ཡང་རྒྱ་ནག་གི་ ཨོ་ལིམ་པིཀ་ རྩེད་འགྲན་གྱི་དཔལ་འབར་མུ་མཐུད་ཕྱི་ཚེད་ ༢༦ ཉིན་ཉི་ཧོང་དུ་སྐོར་བསྐྱོད་བྱེད་པའིི་སྐབས་བོད་མི་ཚོས་དྲག་པོའི་ལམ་ནས་མ་ཡིན་པ་ཞི་བའི་ཐོག་ནས་རྒྱ་ནག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་རྒྱུར་ཉི་ཧོང་གཞུང་གིས་བཀག་འགོག་གནང་གི་མིན་པའི་གསལ་བསྒྲགས་གནང་ཡོད་པ་དང་། དེ་ནས་མུ་མཐུད་རྩེད་འགྲན་གྱི་དཔལ་འབར་ཕྱི་ཚེས་་ ༢༧ ཉིན་ལྷོ་ཀོརི་ཡར་སྐོར་བསྐྱོད་བྱེད་པའི་སྐབས་ལྷོ་ཀོ་རི་ཡའི་ ཧོཔ་ སློབ་གཉེར་ཁང་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དང་། ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་གཉིས་ལ་རྒྱ་ནག་གི་ ཨོ་ལིམ་པིཀ་ རྩེད་འགྲན་ཚོགས་ཆུང་གིས་དཔལ་འབར་སྤྲོད་ལེན་སྐོར་བསྐྱོད་ནང་མཉམ་ཞུགས་ཡོང་བའི་གདན་ཞུ་བྱས་ཡོད་ཀྱང་ཁོང་གཉིས་ཀྱིས་ཁས་ལེན་གནང་མེད་པ་རེད༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།