བོད་གཞུང་གི་དབུ་མའི་ལམ་ལ་ཡུ་རོབ་ཀྱིས་མུ་མཐུད་རྒྱབ་སྐྱོར།

བཙན་བྱོལ་བོད་གཞུང་གི་ལམ་དབུ་མའི་མཛད་བྱུས་ལ་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་བསྐྱོར་ཚོགས་ཆུང་ཐོག་ནས་རྒྱབ་བསྐྱོར་ནན་བརྗོད།

2008.12.04
Share on WhatsApp
Share on WhatsApp

༄༅༎བཙན་བྱོལ་བོད་གཞུང་གི་ལམ་དབུ་མའི་མཛད་བྱུས་ལ་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་བསྐྱོར་ཚོགས་ཆུང་ཐོག་ནས་རྒྱབ་བསྐྱོར་ནན་ བརྗོད་གནང་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་བོད་མིའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཡུ་རོབ་གྲོས་ཚོགས་ནང་གསུང་བཤད་གནང་རྒྱུའི་མཛད་འཆར་དང་སྟབས་བསྟུན་སྟེ་ཚེས་གསུམ་ཉིན་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གི་འཐུས་མི་སུམ་ཅུ་སོ་གཅིག་དང་གཞན་གྲོས་ཚོགས་ཀྱི་ལས་བྱེད་པ་ལྔ་བརྒྱ་ལྷག་ནས་ཁ་ས་ཡུ་རོབ་མཉམ་སྦྲེལ་གྱི་ལྟེ་གནས་སྦ་ར་སེལ་སེ་གྲོང་ཁྱེར་རུ་བཟས་བཅད་སྙུངས་གནས་ཀྱི་ལས་འགུལ་ཐོག་ནས་༸གོང་ས་མཆོག་གི་དབུ་འཁྲིད་གནང་པའི་བཙན་བྱོལ་བོད་གཞུང་གི་ལམ་དབུ་མའི་མཛད་བྱུས་ལ་རྒྱབ་བསྐྱོར་ནན་བཤད་གནང་ཡོད་པ་རེད། བཟས་བཅད་ཀྱི་ལས་འགུལ་དེའི་ཐོག་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཐོ་མ་སེ་མེན་གྱིས་བོད་ཀྱི་གནད་དོན་སེལ་ཆེད་རྒྱ་ནག་དང་གྲོས་མོལ་རྒྱུན་འཁྱོངས་གནང་གལ་ཆེ་བའི་སྐོར་དང་ཆབས་ཅིག་རེས་གཟའ་སྤེན་པའི་ཉིན་ཕེ་རན་སིའི་སྲིད་འཛིན་སར་ཀོ་ཛི་མཆོག་ནས་བོད་མིའི་དབུ་འཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་འཕྲད་ཞུ་སྐབས་བོད་ཀྱི་གནད་དོན་ཐད་ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ངོས་ནས་རྒྱ་ནག་གི་གནོན་ཤུགས་ལ་བསྟུན་མཁས་བྱ་རྒྱུ་མིན་པའི་བཞེངས་ཕྱོགས་གསལ་འདོན་གནང་དགོས་གལ་ཆེ་བའི་སྐོར་གསར་འགོད་ལྷན་ཚོགས་ཐོག་ནན་བརྗོད་གནང་ཡོད་པ་རེད། ཡང་གོང་གསལ་གསར་འགོད་ལྷན་ཚོགས་འདིའི་སྐབས་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ལྕམ་སྐུ་ཨི་ལྦ་ལིཀ་ཀྲེན་སྦར་གར་མཆོག་ནས་དེ་སྔོན་ཕྱི་ཟླ་བརྒྱད་པའི་ནང་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་སྐོང་ཚོགས་བྱས་པའི་རྗེས་བོད་ཀྱི་གནས་སྟངས་ལ་ཡར་རྒྱས་འགྲོ་རྒྱུའི་ཚབ་ཏུ་གནས་སྟངས་ཇེ་སྡུག་ཏུ་སོང་ཡོད་པ་དང་ད་ཆ་བོད་ཐོག་རྒྱབ་བསྐྱོར་སྔར་ལས་ལྷག་པ་དགོས་ཀྱི་ཡོད་པའི་སྐོར་དྲན་སྐུལ་ཞུས་འདུག་ལ་ལྷག་པར་དུ་ཡུ་རོབ་གྲོས་ཚོགས་དང་ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ལ་སོགས་འབྲེལ་ཡོད་ཁག་ནས་བོད་ཀྱི་གནད་དོན་ཐད་རྒྱ་ནག་ལ་གཅིག་གྱུར་གྱི་བཞེངས་ཕྱོགས་དང་རྡ་ལན་གསལ་པོ་སྤྲོད་དགོས་པའི་སྐོར་གསལ་འདོན་གནང་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྲིད་སྐྱོང་ནས་རྒྱ་ནག་གཞུང་གིས་དུས་རབས་དང་མ་མཐུན་པའི་སྲིད་བྱུས་བཟུང་སྟེ་མང་ཚོགས་ལ་དཀའ་ངལ་སྤྲོད་བཞིན་པར་བློ་འཚབ་ཡོད་པ་འགྲེལ་བརྗོད་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་ནང་ངོ་རྒོལ་དང་འབྲེལ་བོད་ནང་གི་དྲ་ལམ་ཁག་ཏུ་ངོ་རྒོལ་སྐོར་གྱི་གནས་ཚུལ་ཐད་དམ་དྲགས་ཤུགས་ཆེར་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎