བོད་གཞུང་ཕྱོགས་ནས་བོད་རྒྱ་འབྲེལ་མོལ་མཇུག་སྐྱོང་རེ་བ།

བཙན་བྱོལ་བོད་གཞུང་གིས་རྒྱ་ནག་གཞུང་དང་བོད་ཀྱི་གནད་དོན་ཐད་འགྲིག་འཇགས་བཀའ་བསྡུར་གནང་རྒྱུའི་གནད་དོན་དེའི་ཐད་ཚོགས་འདུ།
2009-06-22
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎ཨིན་ཊུ་ཨེ་ཤའན་ནིའུ་སེ་ཞེས་པའི་གསར་འགྱུར་ནས་ལུང་འདྲེན་བྱས་ཏེ་གནས་ཚུལ་བཀོད་པར་བྱས་ན་ཉེ་ཆར་བཞུགས་སྒར་རྡ་རམ་ས་ལར་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་གཞུང་དང་བོད་ཀྱི་གནད་དོན་ཐད་འགྲིག་འཇགས་བཀའ་བསྡུར་གནང་རྒྱུའི་གནད་དོན་དེའི་ཐད་ད་ཕན་བཀའ་གྲོས་ཐེངས་བརྒྱད་གནང་གྲུབ་པའི་རྗེས་ནས་ད་བར་བཀའ་གྲོས་མུ་མཐུད་གནང་མི་ཐུབ་པར་གནས་ཡོད་པ་དེ་དག་མུ་མཐུད་དེ་འགྲིག་འཇགས་བཀའ་བསྡུར་མཇུག་སྐྱོང་ཡོང་རྒྱུའི་ཆེད་དུ་བོད་གཞུང་གི་ཕྱོགས་ནས་འབད་བརྩོན་གནང་རྒྱུའི་ཆེད་དུ་བོད་དོན་འབྲེལ་བའི་ལས་དོན་ཚོགས་པའི་ཚོགས་འདུ་ཐེངས་བཅུ་དགུ་པ་དེ་མཇུག་བསྒྲིལ་གནང་ཡོད་པ་རེད།

བཙན་བྱོལ་བོད་གཞུང་གི་དྲིལ་བསྒྲགས་དང་རྒྱལ་སྤྱིའི་འབྲེལ་བའི་ལས་དོན་དྲུང་ཆེ་དྭགས་པོ་བསོད་ནམས་ལགས་ཀྱིས་འགྲེལ་བརྗོད་གནང་བར་རྒྱ་ནག་གི་ཕྱོགས་ནས་བོད་ཀྱི་གནད་དོན་མུ་མཐུད་འགྲིག་འཇགས་བཀའ་བསྡུར་གནང་རྒྱུའི་ཐད་འགོག་རྐྱེན་བཟོས་གནང་ཡོད་ཀྱང་ང་ཚོའི་ཕྱོགས་ནས་ད་དུང་མུ་མཐུད་བཀའ་བསྡུར་མཇུག་སྐྱོང་ཞུ་རྒྱུའི་འདུན་པ་ཡོད་ལུགས་འགྲེལ་བརྗོད་གནང་ཡོད་པ་རེད།

དེ་སྔོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་པས་རྒྱ་ནག་གཞུང་གི་འབྲེལ་ཡོད་མི་སྣ་དང་བོད་ཀྱི་གནད་དོན་ཐད་བཀའ་བསྡུར་ཐེངས་བརྒྱད་པ་གནང་བའི་སྐབས་སུ་༸གོང་ས་མཆོག་གི་བཀའ་དགོངས་བཞིན་རྒྱ་ནག་གཞུང་གི་ཁྲིམས་འོག་ཏུ་བོད་རང་སྲིད་རང་སྐྱོང་དོན་དང་ལྡན་པ་ཞིག་ཡོང་རྒྱུའི་བོད་གཞུང་གི་ཕྱོགས་ནས་རྒྱ་ནག་གཞུང་ལ་ཡིག་ཆ་ཁག་ཕུལ་གནང་ཡོད་པ་དེར་རྒྱ་ནག་གཞུང་གི་ཕྱོགས་ནས་གསུངས་ན་དེ་ནི་རྣམ་པ་དང་ངོ་བོ་འགྱུར་བའི་རང་བཙན་རེད་ཟེར་བ་སོགས་ཀྱི་སྐྱོན་འཛུགས་བྱས་ཏེ་འགྲིག་འཇགས་བཀའ་བསྡུར་གནང་རྒྱུའི་འགོག་རྐྱེན་ཞིག་འཕྲད་ཡོད་པ་རེད།

འོན་ཀྱང་ད་རེས་ཚོགས་འདུའི་སར་དེ་སྔོན་རྒྱ་ནག་གཞུང་དང་༸གོང་ས་མཆོག་གི་སྐུ་ཚབ་རྣམ་པའི་མཇལ་མོལ་ཐེངས་བརྒྱད་པའི་སྐབས་བསྒྲེངས་འབུལ་ཞུས་པའི་བོད་རང་སྐྱོང་དོན་དང་ལྡན་པའི་གནད་དོན་དེའི་ཐད་གོ་དོན་ལོག་རྟོགས་སུ་མི་འགྲོ་བ་ཞིག་དང་གནད་དོན་དེའི་ཐད་ད་དུང་མུ་མཐུད་འགྲིག་འཇགས་བཀའ་བསྡུར་རྒྱུན་འཁྱོངས་ཡོང་བའི་སྐོར་འབད་བརྩོན་ཞུ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གསལ་འཁོད་གནང་བའི་ཞུ་ཡིག་ཅིག་ཕུལ་གནང་རྒྱུའི་ཐག་གཅོད་བྱུང་ཡོད་ལུགས་ཀྱི་གནས་ཚུལ་ཐོན་བཞག

མཆན། (0)
Share
དྲ་གནས་ཆ་ཚང༌།