རྒྱ་ནག་གིས་སྤྲུལ་སྐུ་ཕུར་བུ་ཚེ་རིང་ལ་ཁྲིམས་ཐག་བཅད་པ།

སྤྲུལ་སྐུ་ཕུར་བུ་ཚེ་རིང་ལ་་དྲང་བདེན་མེད་པའི་ཁྲིམས་གཅོད་བྱས་པ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ནས་ཐེ་བྱུས་གནང་དགོས་སྐོར་ནན་སྐུལ།
2009-12-31
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎དཀར་མཛེས་ཁུལ་གྱི་པང་རི་དང་ཡཊ་སེག་བཙུན་མགོན་གྱི་དབུ་བླ་སྤྲུལ་སྐུལ་ཕུར་བུ་ཚེ་རིང་རིན་པོ་ཆེར་རྒྱ་ནག་གཞུང་གིས་གོ་མཚོན་ཉར་ཚགས་དང་ཁྲིམས་འགལ་གྱི་ས་ཁང་བདག་ཉར་བྱས་པའི་ནག་ཉེས་བཙུགས་ཏེ་བཙོན་དུས་ཀྱི་ཁྲིམས་ཐག་བཅད་པ་དེར་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྐྱོན་བརྗོད་བྱས་འདུག

སྔ་ལོ་བོད་ནང་ཞི་རྒོལ་ཆེན་མོའི་སྐབས་དང་བསྟུན་ཕྱི་ཟླ་ལྔ་པའི་དཀྱིལ་མཚམས་སུ་དཀར་མཛེས་ཁུལ་ནང་ཡོད་པའི་པང་རི་དང་ཡཊ་སེག་བཙུན་མགོན་གྱི་བཙུན་མ་བརྒྱད་བཅུ་ལྷག་གིས་རྒྱ་ནག་གཞུང་གི་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་སྤེལ་བར་ངོ་རྒོལ་མཚོན་ཆེད་དཀར་མཛེས་ཁྲོམ་གཞུང་ཐོག་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་ཚེས་བཅོ་བརྒྱད་ཉིན་བཙུན་མགོན་གྱི་དབུ་བླ་ཕུར་བུ་ཚེ་རིང་རིན་པོ་ཆེ་འཛིན་བཟུང་བྱས་ཡོད་པ་རེད་ རྒྱ་ནག་གཞུང་གིས་ཕུར་བུ་ཚེ་རིང་རིན་པོ་ཆེའི་གཟིམ་ཁང་ནས་མེ་མདའ་ལན་གྲུ་དང་མེ་མདའི་མདེའུ་རྒྱ་སྐོར་ལྷག་བརྙེད་སོན་བྱུང་ཡོད་ལུགས་དང་དེ་བཞིན་རིན་པོ་ཆེའི་ཁྲིམས་འགལ་གྱི་ཐོག་ནས་ས་ཁང་བདག་ཉར་བྱས་ལུགས་བཅས་ནག་ཉེས་བཙུགས་ཡོད་པ་རེད་ ཉེ་ཆར་ཚེས་ཉི་ཤུ་གསུམ་ཉིན་མདར་རྩེ་རྡོ་འབྲིང་རིམ་ཁྲིམས་ཁང་གིས་ཕུར་བུ་ཚེ་རིང་རིན་པོ་ཆེ་ལ་ལོ་བརྒྱད་དང་ཟླ་བ་དྲུག་རིང་བཙོན་དུས་ཀྱི་ཁྲིམས་ཐག་བཅད་ཡོད་པ་རེད་ རིན་པོ་ཆེའི་ཁྲིམས་རྩོད་པ་ལི་ཕན་ཕིང་གིས་རྒྱ་ནག་གཞུང་ཕྱོགས་ནས་རིན་པོ་ཆེའི་གོ་མཚོན་ཉར་ཚགས་དང་ཁྲིམས་འགལ་གྱི་ས་ཁང་བདག་ཉར་བྱས་ལུགས་ཀྱི་སྐྱོན་འཛུགས་དེ་དག་ཁུངས་སྐྱེལ་ར་སྤྲོད་དང་དངོས་བདེན་ཡིན་མིན་སྐོར་ཁྲིམས་ཁང་ནས་ཞིབ་འཇུག་གང་ཡང་མེད་པར་ཁྲིམས་ཐག་བཅད་པ་ཞིག་རེད་ཅེས་ཨེ་པི་གསར་ལས་ཁང་ལ་གསལ་འདོན་བྱས་འདུག་ལ་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ རྒྱ་ནག་གཞུང་གིས་སྤྲུལ་སྐུ་ཕུར་བུ་ཚེ་རིང་རིན་པོ་ཆེ་ལ་ཁུངས་སྐྱེལ་ར་སྤྲོད་གང་ཡང་མེད་པར་མ་ཉེས་ཁ་གཡོག་དང་རྒྱ་ནག་གི་ཁྲིམས་ལུགས་དང་འགལ་ཏེ་མནར་གཅོད་འོག་ཛུན་གཏམ་གྱི་སྐྱོན་འཛུགས་ངོས་ལེན་བྱེད་ཏུ་བཅུག་སྟེ་བཙོན་དུས་ཀྱི་ཁྲིམས་ཐག་བཅད་པ་དེར་སྐྱོན་བརྗོད་ཙམ་མ་ཟད་རིན་པོ་ཆེ་ལ་དྲང་བདེན་མེད་པའི་ཁྲིམས་གཅོད་བྱས་པ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ནས་ཐེ་བྱུས་གནང་དགོས་སྐོར་བཅས་ནན་སྐུལ་གནང་བཞག།

མཆན། (0)
Share
དྲ་གནས་ཆ་ཚང༌།