ཀ་ཤི་མིའིར་དུ་མི་དམངས་དང་དམག་དཔུང་བར་རྒོལ་འཛིངས།

ཀ་ཤི་མིའིར་རང་བཙན་ཆེད་སྐད་འབོད་བརྒྱབ་མཁན་མི་དམངས་བརྒྱ་ཕྲག་འགའ་ཤས་དང་རྒྱ་གར་གཞུང་གི་དཔུང་དམག་དབར་རྒོལ་འཛིང་ཐུག་འདུག
2008-12-24
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎དེ་རིང་རྒྱ་གར་གྱི་བདག་དབང་དུ་ཡོད་པའི་བྱང་ཕྱོགས་ཀ་ཤི་མིའིར་མངའ་ཁུལ་ནང་མངའ་སྡེའི་འོས་བསྡུའི་ཉིན་མཐའ་མ་དེར་ཀ་ཤི་མིའིར་རང་བཙན་བྱ་རྒྱུའི་སྐད་འབོད་བརྒྱབ་མཁན་གྱི་མི་དམངས་བརྒྱ་ཕྲག་འགའ་ཤས་དང་རྒྱ་གར་གཞུང་གི་དཔུང་དམག་དབར་རྒོལ་འཛིངས་ཐུག་འདུག

གྲོང་ཁྱེར་ཤི་རི་ན་གར་ནང་ངོ་རྒོལ་བྱེད་མཁན་མི་དམངས་དཔུང་དམག་དབརབ་རྒོལ་འཛིང་ཐུག་སྐབས་དམག་མིས་སྨྱུགས་མའི་སྦིར་རྒྱུག་བཞུད་པ་དང་མིག་ཆུའི་དུ་རླངས་སོགས་བཏང་ནས་ཉུང་མཐར་མི་གྲངས་དགུ་ལ་རྨས་སྐྱོན་བྱུང་ཡོད་པའི་སྐོར་མིང་དོན་གནང་འདོད་མེད་པའི་ཉེན་རྟོག་པའི་དཔོན་རིགས་ཤིག་གིས་འགྲེལ་བརྗོད་གནང་བཞག

རྒྱ་གར་གཞུང་གིས་ཁ་བྲལ་བར་བརྩིས་གནང་སའི་ཀ་ཤི་མིའིར་ཁུལ་གྱི་ཚོགས་སྡེ་ཁག་ནས་ས་གནས་མང་ཚོགས་ལ་ངོ་རྒོལ་བྱ་རྒྱུ་དང་འོས་བསྡུའི་ནང་མཉམ་ཞུགས་མི་བྱ་རྒྱུའི་འབོད་སྐུལ་བྱས་ཏེ་འོས་བསྡུའི་ལས་དོན་དེས་ཀ་ཤི་མིའིར་ཐོག་རྒྱ་གར་གྱི་བདག་བཟུང་ནུས་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

ཉེ་དུས་ཕྱི་ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ནས་བཟུང་ཀ་ཤི་མིའིར་ཁུལ་འོས་བསྡུའི་ལས་དོན་འགོ་འཛུགས་བྱས་ཡོད་པ་དང་འོས་བསྡུ་རིམ་པ་བདུན་བྱས་ཟིན་པའི་རྗེས་འོས་བསྡུའི་གྲུབ་འབྲས་དེ་བཞིན་ཟླ་བ་འདིའི་ཚེས་ཉི་ཤུ་བརྒྱད་ཉིན་གསལ་བསྒྲགས་བྱ་རྒྱུ་ཡིན་པ་རེད།

ཉེན་ཚབས་ཆེ་བའི་འོས་བསྡུའི་ལས་དོན་འགོ་འཛུགས་བྱས་པ་དེས་ཁུལ་དེའི་ནང་རྒྱ་གར་གཞུང་གིས་དམག་མི་སྟོང་ཕྲག་ཁ་ཤས་འགྲེམས་འཇོག་གནང་རྒྱུའི་གོ་སྐབས་ཐོབ་ཡོད་པ་དང་འོས་བསྡུའི་སྐབས་ངོ་རྒོལ་བྱས་པའི་གནས་ཚུལ་རེ་ཟུང་བྱུང་ཡོད་ནའང་ཐོག་མའི་འོས་བསྡུ་དེ་ཚོ་ཕལ་ཆེ་བ་ཞི་འཇམ་ལྡན་པ་བྱུང་ཡོད་པ་མ་ཟད་འོས་ཤོག་འཕེན་མཁན་མང་ཚོགས་བརྒྱ་ཆ་དྲུག་ཅུ་ཙམ་བྱུང་ཡོད་པ་དེ་ནི་གཞུང་གིས་རེ་བ་བསྐྱོན་པ་ལས་ལྷག་པ་བྱུང་འདུག

དེ་རིང་སྔ་དྲོ་གྲོང་ཁྱེར་ཤི་རི་ན་གར་ནང་འོས་བསྡུ་རིམ་པ་མཐའ་མ་དེ་གནང་བའི་སྐབས་མང་ཚོགས་ཁྲོད་ཟིང་ཆ་དང་ངོ་རྒོལ་རིགས་མི་ཡོང་བའི་དོན་དུ་དཔུང་དམག་གིས་གྲོང་ཁྱེར་ནང་མི་ལྔ་ལས་ལྷག་པ་འཛོམས་མི་ཆོག་པའི་ཁྲིམས་གཞི་བཀོད་འདོམས་བྱས་པ་དང་གྲོང་ཁྱེར་གྱི་ཉེ་འཁོར་ས་གནས་ཁག་ལ་ལྕགས་རི་བསྐོར་ནས་མི་དམངས་འདུ་འཛོམས་བྱེད་མི་ཆོག་པའི་དམ་བསྒྲགས་བྱས་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།