ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་རིན་པོ་ཆེའི་སྐུ་ལ་མེ་སྐྱོན་བྱུང་མི་འདུག


2018.02.19
ལྷ་ལྡན་གཙུག་ལག་ཁང་དུ་མེ་སྐྱོན་མ་བྱུང་སྔོན་དང་བྱུང་རྗེས་ཀྱི་སྐུ་པར། ༢༠༡༨།༢།༡༨ ལྷ་ལྡན་གཙུག་ལག་ཁང་དུ་མེ་སྐྱོན་མ་བྱུང་སྔོན་དང་བྱུང་རྗེས་ཀྱི་སྐུ་པར། ༢༠༡༨།༢།༡༨
བོད་འབྱོར།

ལྷ་ལྡན་གཙུག་ལག་ཁང་དུ་མེ་སྐྱོན་བྱུང་རྗེས་རྒྱ་ནག་གཞུང་ཕྱོགས་ནས་དད་ལྡན་པ་ཚོས་ཆོས་མཇལ་བྱེད་ཚུལ་ལས་མེ་སྐྱོན་སྐོར་གནས་ཚུལ་ཞིབ་ཕྲ་སྤེལ་མེད་པ་རེད།
དེ་ཡང་བོད་ཚེས་གཉིས་དང་སྤྱི་ཚེས་༡༧ཉིན་གྱི་དགོང་དྲོའི་ཆུ་ཚོད་དྲུག་དང་སྐར་མ་བཞི་བཅུ་ཙམ་ལ་གཙུག་ལག་ཁང་དུ་མེ་སྐྱོན་བྱུང་ཡོད་ཅིང་། གཙུག་ལག་ཁང་དུ་མེ་སྐྱོན་བྱུང་བའི་ཉིན་གཉིས་པར་སྔ་རྒྱུན་བཞིན་དད་ལྡན་མང་ཚོགས་ཚོ་ཆོས་མཇལ་དུ་བཏང་ཡོད་རུང་། ཇོ་བོ་རིན་པོ་ཆེའི་སྐུ་རྒྱབ་ཏུ་དུས་རྒྱུན་མེད་པའི་ཡོལ་བ་སེར་པོ་ཞིག་ཡོད་པ་དང་། ཐོག་བརྩེགས་གཉིས་པའི་ཆོས་ཁང་ལ་ཆོས་མཇལ་བཀག་ཡོད་པ་མ་ཟད།   གཙུག་ལག་ཁང་ནང་གི་སྐོར་ལམ་ཡང་བཀག་ཡོད་པ་ཆོས་མཇལ་དུ་སྐྱོད་མཁན་དད་ལྡན་པས་འདྲ་པར་དང་བཅས་སྤྱི་ཚོགས་དྲ་ཚིགས་ཐོག་བཞག་ཡོད་འདུག
དེ་བཞིན་འདི་གར་བརྙན་ཐུང་དང་བརྙན་པར་འབྱོར་བའི་ནང་མེ་སྐྱོན་རྗེས་ཇོ་བོ་རིན་པོ་ཆེའི་སྐུ་ལ་གནོད་སྐྱོན་བྱུང་མེད་པ་མཐོང་རྒྱུ་འདུག
རྒྱ་ནག་གཞུང་ཕྱོགས་ཀྱི་བརྒྱུད་ལམ་ནས་བརྗོད་པར་གཞིགས་ན། གཙུག་ལག་ཁང་གི་ཆ་ཤས་ཤིག་ལ་མེ་སྐྱོན་བྱུང་བ་དང་མི་ལ་གནོད་འཚེ་བྱུང་མེད་པ་བརྗོད་པ་ལས་ཞིབ་ཕྲའི་གནས་ཚུལ་གང་སྤེལ་མེད་པ་མ་ཟད། ཝེ་པོའོ་དྲ་ཚིགས་སོགས་ནང་བཀོད་པའི་གཙུག་ལག་ཁང་གི་མེ་སྐྱོན་གནས་ཚུལ་ཁག་བཀག་སྟེ་མེད་པ་བཟོས་ཡོད།    
གཞུང་འབྲེལ་བརྒྱུད་ལམ་ནས་གནས་ཚུལ་སྤེལ་བར། བོད་ཚེས་གསུམ་ཉིན་དད་ལྡན་མང་ཚོགས་ཚོས་གཙུག་ལག་ཁང་དུ་ཆོས་མཇལ་ལ་སྐྱོད་པའི་གནས་ཚུལ་དང་འདྲ་བཀོད་པ་ལས་མེ་སྐྱོན་གྱི་བྱུང་རྐྱེན་དང་འབྲེལ་ཡོད་ཞིབ་ཕྲའི་གནས་ཚུལ་གང་ཡང་སྤེལ་མེད་པ་རེད།
སྤྱི་ཚོགས་དྲ་ཚིགས་ཐོག་དད་ལྡན་མང་ཚོགས་ཀྱི་བསམ་ཚུལ་བཞག་པའི་ནང་དུས་རྒྱུན་གཙུག་ལག་ཁང་དུ་མེ་གསོད་རུ་ཁག་གི་མིང་ཐོག་ནས་དམག་མི་མང་པོ་བཞག་ཡོད་པ་དེ་ཚོས་ལས་འགན་ཁུར་མེད་པར་སྐྱོན་བརྗོད་བྱེད་མཁན་འདུག་ལ། དྲག་ཆས་ཉེན་རྟོག་དམག་མི་དེ་ཚོ་མི་གསོད་རུ་ཁག་གི་མིང་བཏགས་ཏེ་དྲག་གནོན་བྱེད་མཁན་བཞག་པ་ཡིན་སྐོར་བརྗོད་མཁན་འདུག  ད་ཐེངས་བོད་མིའི་བླ་སྲོག་དང་འབྲེལ་བའི་ལྷ་ལྡན་གཙུག་ལག་ཁང་དུ་མི་སྐྱོན་བྱུང་བའི་རྗེས་ཆོལ་གསུམ་བོད་མི་ཚོས་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་དང་། གཞུང་ཕྱོགས་ཀྱི་གནས་ཚུལ་ཁ་གསལ་སྤེལ་མེད་པར་བརྟེན་ལོ་རྒྱུས་ལྡན་པའི་གནའ་བོ་ལྷ་ཁང་འདིར་རྩ་ཆེའི་སྐུ་གསུང་ཐུགས་རྟེན་ཡོད་པའི་ཐོག་འཛུགས་སྐྲུན་འདི་ཡང་ལོ་རྒྱུས་ཀྱི་རིན་ཐང་ཡོད་པ་ཞིག་ཡིན་དུས་གཞུང་ཕྱོགས་ཀྱི་སྲུང་སྐྱོབ་དང་བོད་མི་འགྲེལ་བཤད་ཁ་གསལ་དགོས་པ་བརྗོད་མཁན་ཡོད་འདུག

གསར་འགོད་པ་སྒྲོལ་དཀར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎