བོད་ནང་གི་སེ་ར་དགོན་པ་ད་ཆ་སྒོ་ཕྱེ་ཡོད་པ།

བོད་ནང་སེ་ར་དགོན་པ་ད་ཆ་སྒོ་ཕྱེ་ཡོད་པ་དང་ལྷག་མ་སྒོ་རྒྱབ་པའི་དགོན་པ་གཞན་ཚོ་ཡང་གང་མགྱོགས་སྒོ་མོ་ཕྱེ་རྒྱུ་ཡིན་པ་གསུངས་འདུག
2008-04-29
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎ཕྱི་ཟླ་གསུམ་པའི་ཚེས ༡༤ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་

ཤུགས་ཆེ་སྤེལ་བའི་དོན་རྐྱེན་བྱུང་སྟེ། རྒྱ་ནག་གཞུང་གིས་དྲག་གནོན་ཚབས་ཆེ་བྱས་པའི་གནས་ཚུལ་བྱུང་བའི་རྗེས་རྒྱལ་ས་

ལྷ་སའི་ཉེ་འཁོར་གྱི་སེ་ར་དགོན་པ་ད་ཆ་སྒོ་ཕྱེ་ཡོད་པ་གཟའ་མིག་དམར་ཉིན། རྒྱ་ནག་གཞུང་འབྲེལ་ཤིན་ཧྰ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ཞིག ཨེ་པི གསར་འགྱུར་ལས་ཁང་གིས་ལུང་འདྲེན་བྱས་འདུག ཤིན་ཧ་གསར་འགྱུར་ལས་ཁང་གིས་བོད་རང་སྐྱོངས་རྗོངས་ཀྱི་མི་རིགས་དང་ཆོས་ལུགས་ལས་དོན་ལྷན་ཁང་གི་ཚོགས་གཙོ་གཞོན་པ་བསྟན་འཛིན་རྣམ་རྒྱལ་གྱིས་བརྗོད་པ་ཞིག་བཀོད་སྤེལ་བྱས་ཡོད་པ་དེའི་ནང་། ཉེ་བའི་ཆར་གྲ་པ་ཚོར་ཁྲིམས་ལུགས་ཀྱི་སློབ་གསོ་སྤྲད་སྟེ། ད་ཆ་མགོན་པའི་ནང་གི་རྣམ་ཀུན་གྱི་བྱེད་སྒོ་ཁག་བསྐྱར་དུ་འགོ་བཙུགས་ཟིན་ཡོད་ལུཊ་དང༌། སྒོ་རྒྱབ་པའི་དགོན་པ་གཞན་ཚོ་ཡང་གང་མགྱོགས་སྒོ་མོ་ཕྱེ་རྒྱུ་ཡིན་ལུགས་བརྗོད་འདུག བོད་ཀྱི་དགོན་སྡེ་ཁག་ནང་རྒྱ་ནག་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ཟེར་བ་སྤེལ་ཤུགས་ཆེ་རུ་བཏང་ཡོད་པ་དང་། ལས་འགུལ་དེའི་སྐབས་གཙོ་བོ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་དམས་ཞུ་རྒྱུ་དང༌། རྒྱ་ནག་གཞུང་གིས་ཀུན་གཟིགས་པན་ཆེན་རིན་པོ་ཆེའི་ཡང་སྲིིད་དུ་བསྐོ་བཞག་བྱས་པ་དེ་ཉིད་པན་ཆེན་རིན་པོ་ཆེའི་ཡང་སྲིད་ཡིན་པ་ཁས་ལེན་ཞུ་དགོས་པ་དང་། ལྷག་པར་དུ་པེ་ཅིང་གཞུང་ལ་རྒྱབ་སྐྱོར་ཡོད་ལུགས་སོགས་ཀྱི་ཡིག་ཆའི་ཐོག་བཙན་བཀག་གིས་མིང་རྟགས་བཀོད་དུ་བཅུག་གི་ཡོད་པ་རེད། ཕྱི་ཟླ་གསུམ་པའི་ཚེས ༡༠ ཡི་ཉིན་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཧ་ཅང་མང་པོ་ཞིག་གི་ནང་

བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བའི་རྗེས། རྒྱ་ནག་གཞུང་ཕྱོགས་ནས་བོད་མི་ཚོའི་ཐོག་དྲག་གནོན་བྱེད་ཤུགས་ཆེ་རུ་

བཏང་པ་མ་ཟད། ཕྱི་རྒྱལ་གྱི་གསར་འགོད་པ་དང་ཡུལ་འཁོར་སྤྲོ་འཆམ་པ་ཡོངས་རྫོགས་ཕྱིར་འབུད་བྱས་ཏེ། ད་དུང་ཡང་བོད་ནང་ཕྱི་རྒྱལ་གྱི་གསར་འགོད་པ་དང་། ཡུལ་སྐོར་སྤྲོ་འཆམ་པ་ཡོང་རྒྱུར་སྒོ་མོ་ཕྱེ་མེད་པ་རེད།།

མཆན། (0)
Share
དྲ་གནས་ཆ་ཚང༌།