བོད་ནང་དར་དམར་བསྒྲེངས་འཛུགས་བྱེད་འཇུག་བཞིན་པ་ནི་ཆབ་སྲིད་ཀྱི་འཁྲབ་སྟོན་དང་དྲིལ་བསྒྲགས་རེད་ཟེར།

2020-08-12
གློག་འཕྲིན།
མཆན།
Share
པར་བཀོད།
ལྷ་སའི་གཙུག་ལག་ཁང་གི་གཟིམ་སྒོའི་སྟེང་རྒྱ་ནག་དམར་ཤོག་གི་དྲིལ་བསྒྲགས། ༢༠༢༠
ལྷ་སའི་གཙུག་ལག་ཁང་གི་གཟིམ་སྒོའི་སྟེང་རྒྱ་ནག་དམར་ཤོག་གི་དྲིལ་བསྒྲགས། ༢༠༢༠
འོད་ཟེར།

རྒྱ་ནག་གཞུང་གིས་བོད་ནང་ཁང་པའི་ཐོག་ཁར་རྒྱ་ནག་གི་རྒྱལ་དར་བསྒྲེངས་འཛུགས་བྱེད་དུ་འཇུག་བཞིན་པ་ནི་ཆབ་སྲིད་ཀྱི་འཁྲབ་སྟོན་དང་དྲིལ་བསྒྲགས་ཡིན་པ་བོད་གནས་ཉམས་ཞིབ་པས་བརྗོད་ཀྱི་འདུག
འདི་ཚེས་༡༢་ཉིན་ཀྲུང་གོའི་བོད་ལྗོངས་དྲ་བ་ཟེར་བས་གནས་ཚུལ་སྤེལ་བའི་ནང་། ཀྲུང་གོ་དང་། རྒྱ་གར། བལ་པོ་བཅས་རྒྱལ་ཁབ་གསུམ་གྱི་འབྲེལ་མཚམས་སུ་གནས་པའི་སྤུ་ཧྲེང་རྫོང་དུ། དོན་གྲུབ་བཀྲ་ཤིས་ཀྱི་མིང་གླེང་ཚེ་མི་ཤེས་མཁན་གཅིག་ཀྱང་མེད་དེ། ལོ་༦༧་ལ་སླེབས་པའི་ཏང་ཡོན་རྒན་པ་འདིས་རང་ཁྱིམ་དུ་རྒྱལ་དར་སྒྲེང་བའི་སྟེགས་བུ་ཞིག་བཟོས་ཡོད་ལ། གཟའ་འཁོར་རེའི་གཟའ་ཟླ་བའི་ཉིན། བཟའ་ཟླ་དང་མཉམ་དུ་རྒྱལ་དར་སྒྲེང་བའི་མཛད་སྒོ་མཚམས་ཆད་མ་མྱོང་། དེ་ནི་མེས་རྒྱལ་སེམས་སུ་ཉར་བའི་རྣམ་པ་ཡིན་པ་བརྗོད་འདུག་ཀྱང་། བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་གསུངས་ན། འདི་ནི་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་དྲིལ་བསྒྲགས་དང་། འཁྲབ་སྟོན་ཞིག་ཡིན་པ་དང་། བོད་མི་འདི་ཚོ་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་ལག་ཆ་ལྟ་བུར་འགྱུར་ཡོད་ཅེས་དང་། རྒྱ་ནག་གཞུང་གིས་བཙན་གྱིས་བོད་མི་ཚོའི་ཁྱིམ་དུ་རྒྱལ་དར་བསྒྲེངས་འཛུགས་བྱེད་འཇུག་བཞིན་པ་མ་ཟད། ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཡུལ་ས་ཁུལ་ཁག་སྟེ། དཔེར་ན། ལྷ་ལྡན་གཙུག་ལག་ཁང་གི་གཟིམ་སྒོའི་སྟེང་རྒྱ་ནག་གཞུང་གི་རྒྱལ་དར་བསྒྲེངས་འཛུགས་དང་སྦྲགས། དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་དྲིལ་བསྒྲགས་རང་བཞིན་གྱི་འབོད་ཚིག་“རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག”་ཅེས་བརྗོད་ཚིག་བྲིས་ཡོད་པ་དངོས་སུ་མཐོང་རྒྱུ་ཡོད་ཅིང་། རྒྱ་ནག་གཞུང་གིས་བོད་ནང་རྒྱ་ནག་དམར་ཤོག་ཚོགས་པ་འཕེལ་རྒྱས་ཀྱི་དྲིལ་བསྒྲགས་སློབ་གསོའི་ལས་འགུལ་སྤེལ་ཤུགས་ཆེ་རུ་བཏང་བ་དེ་ནི། བོད་མིའི་ཆོས་དང་རིག་གཞུང་སོགས་རྒྱའི་རྣམ་པར་བསྒྱུར་ཐབས་ཀྱི་སྲིད་བྱུས་ཡིན་པ་བཅས་འགྲེལ་བརྗོད་གནང་གི་འདུག
ཡང་ཁོང་གིས། བོད་མི་ཚོ་རྒྱ་ནག་གཞུང་གི་ལྟ་ཕྱོགས་དང་མཐུན་པོ་ཡོང་ཆེད་བོད་མི་མང་པོ་དམར་ཤོག་ཚོགས་པའི་ནང་འཛུལ་བཞུགས་བྱེད་ཏུ་འཇུག་བཞིན་པ་དང་། དམར་ཕྱོགས་ཚོགས་པའི་སྲིད་བྱུས་དང་མ་མཐུན་པའི་གནས་ཚུལ་ཆུང་ཚག་རིགས་བྱུང་ན་དཔལ་འབྱོར་གྱི་རོགས་སྐྱོར་བཅད་པ་དང་འཛིན་བཟུང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཡོང་བཞིན་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།
དེའི་ཐད་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ངག་དབང་ཁྲི་སྲོང་ལགས་ཀྱིས་གསུང་ན། རྒྱ་ནག་གཞུང་གིས་བོད་ནང་༡༩༩༠་ནས་བཟུང་གྲོང་ཚོ་བཅའ་སྡོད་ལས་དོན་རུ་ཁག་བཙུགས་པ་ནས་བོད་མི་མང་མགོ་སྐོར་འོག་ནས་དམར་ཤོག་ཚོགས་པའི་ནང་འཛུལ་ཞུགས་བྱེད་ཏུ་འཇུག་བཞིན་པ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་སྤྱི་ལོ་༢༠༢༠་ལོའི་སྤྱི་ཟླ་༧་པའི་ཚེས་༡་ཉིན་རྒྱ་ནག་གཞུང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ༢༠༡༩་ལོའི་ལོ་མཇུག་བར་རྒྱ་ནག་དམར་ཤོག་ཚོགས་པའི་འོག་ལ་ཚོགས་མི་མི་གྲངས་ས་ཡ་༩༡་ལྷག་ཡོད་པ་དང་། ༢༠༡༩་ལོ་གཅིག་པུའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ས་ཡ་གཉིས་ལྷག་གསར་ཞུགས་བྱས་ཡོད་ཚུལ་ཕྱིར་བསྒྲགས་བྱས་འདུག
རྒྱ་ནག་གཞུང་གིས་བོད་ནང་རྒྱ་ནག་གི་རྒྱལ་དར་བསྒྲེངས་འཛུགས་བྱེད་དུ་བཅུག་པ་དང་། དམར་ཤོག་ཚོགས་པའི་ནང་འཛུལ་ཞུགས་བྱེད་འཇུག་བཞིན་པ་དེ་ཚོའི་དམིགས་ཡུལ་གཙོ་བོ་བོད་ནང་ཕྱི་ཕྱོགས་ནས་གནས་ཚུལ་ཆེད་མངགས་བཟོས་པ་མ་གཏོགས་བོད་ནང་གི་བོད་མི་ཚོ་རྒྱ་ནག་གཞུང་ལ་སེམས་སྟིང་ནས་དགའ་ཞན་ཡོད་པའི་རྣམ་སྟོན་ཆེད་ཁོ་ནའི་ཆེད་ཡིན་པ་གོང་གི་གནས་ཚུལ་ངོ་སྤྲོད་གནང་མཁན་གཉིས་ཀྱིས་འགྲེལ་བརྗོད་གནང་གི་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།