རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་གསལ་སྟོན་བརྡ་ཁྱབ་ལས་འགུལ།


2020.08.26
ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་མི་ཚོགས་འཛོམས་ཡུལ་(Times Square)་ཐང་ཆེན། ༢༠༢༠།༨།༢༦ ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་མི་ཚོགས་འཛོམས་ཡུལ་(Times Square)་ཐང་ཆེན། ༢༠༢༠།༨།༢༦
ཆོས་འཕེལ། /RFA

རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་གསལ་སྟོན་བརྡ་ཁྱབ་དབྱིན་ཇིའི་རྒྱལ་ས་ལོན་ཊོན་དང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་སྟོན་བཞིན་འདུག
དེ་ཡང་དབྱིན་ཇིའི་རྒྱལ་ས་ལོན་ཊོན་ནང་ཡོད་པའི་བོད་རང་དབང་ཚོགས་པས། འདི་ཚེས་༢༤་ནས་སྤྱི་ཟླ་༩་བའི་ཚེས་༦་བར། དབྱིན་ཇིའི་རྒྱལ་ས་ལོན་ཊོན་དང་། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་མི་ཚོགས་འཛོམས་ཡུལ་(Times Square)་ཐང་ཆེན་གྱི་བརྡ་ཁྱབ་བྱང་བུའི་སྟེང་། བོད་ནང་གི་བོད་མི་ཚོར་འོས་འཕེན་དང་། ངོ་རྒོལ། འགྲོ་བསྐྱོད་སོགས་ཀྱི་རང་དབང་མེད་པ་རེད་ཅེས་བའི་འབོད་ཚིག་དང་། རྒྱ་ནག་གི་ཉེན་རྟོག་པས་དགེ་འདུན་པ་ཞིག་འཛིན་བཟུང་བྱེད་བཞིན་པའི་འདྲ་པར་དང་མཉམ་དུ། རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་གསལ་སྟོན་བྱས་བའི་བརྡ་ཁྱབ་བྱང་བུའི་ངོས་སུ་སྟོན་བཞིན་འདུག
བོད་རང་དབང་ཚོགས་པའི་ལས་འགུལ་དང་དྲིལ་བསྒྲགས་དོ་དམ་པ་(John Jones)་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཐད་བྱ་སྤྱོད་སྤེལ་བ་ཁག་ལ་གུ་ཡངས་བྱེད་མི་འོས་པ་ཞིག་ཡིན་ཡང་ནུབ་ཕྱོགས་ཡུལ་གྲུ་ཁག་ཅིག་རྒྱུན་རིང་ཁ་ཁུ་སིམ་པོར་བསྡད་ཡོད། དྲིལ་བསྒྲགས་ལས་འགུལ་འདི་ནི་མང་ཚོགས་ཀྱིས་དོ་སྣང་བྱ་འོས་པའི་གླེང་སྟེགས་ཐོག་གླེང་སློང་བྱས་ཏེ་འོས་འཚམས་ཀྱི་བོད་ནང་གི་གནད་དོན་ཐད་དོ་སྣང་ཡོང་ཐབས་བྱ་རྒྱུ་དང་། ནིའུ་ཡོག་དང་ལོན་ཊོན། དེ་བཞིན་འཛམ་གླིང་མི་མང་བཅས་ཀྱིས་བོད་དོན་ཐོག་དོ་ཁུར་དགོས་པར་འབོད་སྐུལ་བྱེད་པའི་བརྒྱུད་རིམ་ཞིག་ཀྱང་ཡིན་པ་གསུངས་འདུག
དེ་བཞིན་དབྱིན་ཡུལ་རྒྱལ་ས་ལོན་ཊོན་གྱི་(Kingston A3)་ལམ་བརྒྱུད་འཁེལ་སར། མི་གཅིག་གིས་བོད་ཀྱི་རྒྱལ་དར་གྱོན་ཏེ་བཙོན་ཁང་གི་ལྕགས་ཁྲའི་ནང་ཡོད་པའི་དཔར་གཞིའི་སྟེང་། ཡིག་ཐོག་ལ་འདི་ནི་ ༡༩༥༠ ་ནས་བཟུང་རྒྱ་ནག་གིས་བོད་བཙན་བཟུང་བྱས་རྗེས་བོད་འདི་ཡོངས་སུ་བཀག་རྒྱའི་འོག་སྒོ་བརྒྱབ་ནས་བཞག་ཡོད་པ་འགྲེལ་བཤད་བཀོད་འདུག
དེའི་ཐད་བོད་རང་དབང་ཚོགས་པའི་དྲ་རྒྱའི་སྟེང་། ད་རེས་ཀྱི་ལས་འགུལ་དེས་འཛམ་གླིང་མི་དམངས་ལ་ད་ལྟའི་བོད་ནང་གི་དངོས་ཡོད་གནས་སྟངས་གསལ་སྟོན་ཆེད་ཡིན་ལ། དབྱིན་ཇིའི་རྒྱལ་ས་ལོན་ཊོན་དང་། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་(Times Square)་ཐང་ཆེན་ནི་འཛམ་གླིང་གི་ཡུལ་གྲུ་གང་ས་ནས་ཡུལ་སྐོར་བ་སོགས་མི་ཚོགས་འཛོམས་ཡུལ་གྱི་ལྟེ་བ་ཡིན་པས། བདུན་ཕྲག་གཉིས་ཀྱི་ལས་འགུལ་རིང་མི་གྲངས་ས་ཡ་བརྒལ་བས་གཟིགས་ཐུབ་པའི་རེ་བ་བྱེད་བཞིན་ཡོད་འདུག


བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎