བོད་རང་དབང་ལས་འགུལ་ཚོགས་པའི་སྙན་ཐོ་རྒྱ་ནག་གིས་འགོག་ཐབས་བྱས་འདུག

2018-08-14
གློག་འཕྲིན།
མཆན།
Share
པར་བཀོད།
མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་རྩ་མེད་བཟོ་ཐབས་ཀྱི་ལས་དོན་ཚོགས་ཆུང་སྐབས། ༢༠༡༨།༨
མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་རྩ་མེད་བཟོ་ཐབས་ཀྱི་ལས་དོན་ཚོགས་ཆུང་སྐབས། ༢༠༡༨།༨
དྲ་བཤུས།/freetibet.org

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་མེད་པ་བཟོ་རྒྱུའི་ལས་དོན་ཚོགས་ཆུང་ལ་བོད་རང་དབང་ལས་འགུལ་ཚོགས་པས་སྙན་ཐོ་ཕུལ་བ་དེ་ཕྱིར་འཐེན་བྱེད་རྒྱུར་རྒྱ་ནག་གིས་གནོན་ཤུགས་སྤྲོད་རྩིས་བྱས་འདུག
དེ་ཡང་བོད་རང་བཙན་ལས་འགུལ་ཚོགས་ཆུང་འམ་ (Free Tibet)དང་བོད་གནས་ལྟ་ཞིབ་འམ་(Tibet Watch)གཉིས་ཐུན་མོང་གིས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་། གོང་ཞུས་ཚོགས་པ་གཉིས་ནས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་རྩ་མེད་བཟོ་ཐབས་ཀྱི་ལས་དོན་ཚོགས་ཆུང་ལ་བོད་ནང་མི་རིགས་དབྱེ་འབྱེད་དང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བའི་གནད་དོན་འཁོད་པའི་སྙན་ཐོ་ཕུལ་བ་དེ་བཞིན་ཚོགས་ཆུང་གི་དྲ་རྒྱའི་ནང་ནས་མེད་པ་བཟོས་ཡོད་པ་མ་ཟད། སྙན་ཐོ་དེར་རྒྱ་ནག་གི་སྐུ་ཚབ་ཀྱི་ངོས་ནས་སྙན་ཐོའི་ནང་བོད་འདི་བཞིན་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་ཡིན་པའི་བརྗོད་ཚིག་འཁོད་པ་དེར་མི་འདོད་པའི་རྣམ་འགྱུར་བསྟན་ཡོད་ལུགས་བརྗོད་འདུག  བོད་རང་བཙན་ཚོགས་པ་དང་བོད་གནས་ལྟ་ཞིབ་ཁང་གཉིས་ནས་ངོ་རྒོལ་དང་ཞུ་གཏུགས་བྱས་མཐར་ཕྱི་ཟླ་ ༨ ཚེས་ ༡༠ གཟའ་ཟླ་བའི་ཉིན་རྒྱལ་ཚོགས་ཀྱི་ཚོགས་ཆུང་དེས་ཞིབ་འཇུག་བྱས་པ་བརྒྱུད་སྙན་ཐོ་དྲ་རྒྱའི་ནང་སླར་ཡང་བཞག་ཡོད་འདུག
གོང་ཞུས་གནད་དོན་སྐོར་བོད་རང་བཙན་ལས་འགུལ་དང་བོད་དོན་ལྟ་ཞིབ་ཚོགས་པའི་འགན་འཛིན་ལྕམ་(Eleanor Bryne-Rosengren)གྱིས། ཚོགས་ཆུང་གི་ངོས་ནས་ཐོག་མ་ཉིད་ནས་རྒྱ་ནག་གིས་གནོན་ཤུགས་ལ་བརྟེན་ནས་ང་ཚོའི་སྙན་ཐོ་འགོག་ཐབས་བྱས་པ་དེ་ནི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ངོ་བོ་དང་མི་མཚུངས་པ་ཞིག་རེད། འོན་ཀྱང་མཐའ་མ་སླར་གསོ་གནང་བ་དེར་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
འདས་པའི་གཟའ་པ་སངས་ཉིན་ཚོགས་ཆུང་གི་ཚོགས་མི་རྣམ་པས་རྒྱ་ནག་གི་སྐུ་ཚབ་ཚོར་བོད་ནང་གི་བོད་མི་ཚོ་དང་ཡུ་གུར་མི་རིགས། བྱང་ཀོ་རི་ཡའི་སྐྱབས་བཅོལ་བ། དེ་བཞིན་ཧོང་ཀོང་དང་མ་ཀའོ་བཅས་པའི་ནང་དབྱེ་འབྱེད་བྱེད་བཞིན་པའི་གནད་དོན་ཐོག་འདྲི་རྩད་གནང་བ་དང་ལྷག་པར་དུ་ཚོགས་མི་སློབ་དཔོན་(Verene Shepherd)གྱིས་རྒྱ་ནག་གི་ཁྲིམས་ཁང་ནང་བོད་སྐད་བེད་སྤྱོད་མི་བྱེད་པའི་རྒྱུ་མཚན་དང་དེ་བཞིན་བོད་ནང་གི་སློབ་གསོའི་ལམ་ལུགས་ཐོག་འདྲི་རྩད་གནང་ཡོད་པ། དམིགས་བསལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བའི་ཉེས་མིང་འོག་རྒྱ་ནག་གི་བཙོན་བཅུག་བྱས་པའི་བཀྲིས་དབང་ཕྱུག་ལགས་སྐོར་བཀའ་འདྲི་གནང་ཡོད་འདུག དེ་བཞིན་ཚོགས་ཆུང་གི་ཚོགས་མི་ཚོས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་སྟངས་ཀྱི་གནད་དོན་ཐོག་ཞིབ་མཇུག་དགོས་སྐོར་ཡང་གསུངས་ཡོད་པ་རེད། འོན་ཀྱང་གཟའ་ཟླ་བའི་ཉིན་རྒྱ་ནག་གི་འཐུས་མི་ལྔ་བཅུ་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ངོས་ནས་གཟའ་མཇུག་རིང་གནས་ཚུལ་མང་དག་ཅིག་བྲིས་བཀོད་བྱས་ནས་ལན་འདེབས་ཞུས་ཡོད་ཀྱང་དེ་དག་འདོད་བློ་འཚིམས་པོ་ཞིག་བྱུང་མེད་ལུགས་ཚོགས་ཆུང་གི་ར་སྤྲོད་གནང་ཡོད་པ་དཔེར་ན། རྒྱལ་ཚོགས་ཀྱི་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ (Gun Kut)མཆོག་གིས། ཁྱེད་རང་ཚོས་ལན་འདེབས་གྲ་སྒྲིག་བྱས་ནས་ཕུལ་བ་དེ་དག་ནི་སྙན་ཐོ་དང་ང་ཚོས་འདྲི་བརྩད་བྱས་པ་དེ་དག་ལ་ངོས་ལེན་རྩ་བ་ནས་མ་བྱས་པར་སོ་སོ་སྲུང་སྐྱོབ་བྱེད་པ་ཞིག་དང་ང་ཚོའི་ཚོགས་ཆུང་གི་ཚོགས་མི་ཚོས་གནས་ཚུལ་རྫུན་གཏམ་ཤ་སྟག་ལ་ངོས་འཛིན་བྱེད་པ་ལྟ་བུའི་ལན་འདེབས་བྱས་འདུག ངའི་བསམ་པར་ཁྱེད་རང་ཚོ་ཐག་རིང་རྒྱ་ནག་ནས་ཡོང་ནས་ཚང་མ་འགྲིགས་བསྡད་ཡོད་པ་དང་གལ་སྲིད་མ་འགྲིགས་པ་ཡོད་ནའང་བྱེད་ཐབས་མེད་ལུགས་ཀྱི་རྣམ་པ་བསྟན་གྱི་འདུག ངའི་བསམ་པར་ང་ཚོ་ཚང་མས་གོ་སྐབས་འདི་བཟུང་ནས་དོན་དམ་གྱི་གྲོས་བསྡུར་བྱས་ན་ཡག་གི་རེད་བསམ་གྱི་འདུག་ཅེས་གསུངས་ཡོད་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།