ཧྥ་རན་སིའི་ (Branly) འགྲེམས་སྟོན་ཁང་གིས་ཐ་སྙད་ཤི་ཙང་མེད་པ་བཟོས་ནས་བོད་ (Tibet) འབྲི་རྒྱུ་ཡིན་པ་ལན་འདེབས་གནང་བྱུང་།

2024.09.24
ཧྥ་རན་སིའི་ (Branly) འགྲེམས་སྟོན་ཁང་གིས་ཐ་སྙད་ཤི་ཙང་མེད་པ་བཟོས་ནས་བོད་ (Tibet) འབྲི་རྒྱུ་ཡིན་པ་ལན་འདེབས་གནང་བྱུང་། ཧྥ་རན་སིའི་རྒྱལ་སར་ཡོད་པའི་གྷུའི་མེཊི་ (Guimet) འགྲེམས་སྟོན་ཁང་གི་མདུན་ངོ་རྒོལ་ལས་འགུལ་སྐབས། ༢༠༢༤ ཟླ་ ༩ ཚེས་ ༢༡
Facebook / Dawa Tsering

རྒྱ་ནག་གཞུང་གིས་ཉེ་བའི་ཆར་བོད་ཅེས་པ་དབྱིན་ཡིག་ནང་ (Tibet) ཅེས་ཡོངས་གྲགས་ཡིན་པ་ཤི་ཙང་(Xi Zang) ཞེས་པར་བསྒྱུར་ཐབས་ཆེད་ཕྱོགས་མང་པོ་ནས་ཐབས་ཤེས་བྱེད་ཀྱི་ཡོད་པའི་སྐབས་འདིར། ད་རེས་ཧྥ་རན་སིའི་རྒྱལ་ས་པེ་རི་སི་རུ་རྟེན་གཞི་བྱས་པའི་ སྦརན་ལི་ (Branly) འགྲེམས་སྟོན་ཁང་གིས་བོད་ཀྱི་དངོས་རྫས་དཀར་ཆག་ནང་བོད་ཅེས་པའི་ཚབ་ཏུ་ཤི་ཙང་རང་སྐྱོང་ལྗོངས་(Xizang Autonomous Region)་ཟེར་བའི་ཐ་སྙད་བེད་སྤྱོད་བྱས་བ་དང་། དེ་བཞིན་གྷུའི་མེཊི་ (Guimet) འགྲེམས་སྟོན་ཁང་གིས་བོད་ཀྱི་འགྲེམས་སྟོན་ཁང་གི་ཚབ་ཏུ་ཧི་མ་ལ་ཡའི་འཇིག་རྟེན་(Himalayan World)་ཟེར་བ་སོགས་མིང་གསར་པ་བཏགས་པར་བོད་རིག་པ་བ་དང་རྒྱ་ནག་གི་ཆེད་ལས་མཁས་པ་ཁག་ཅིག་གིས་འགྲེམས་སྟོན་ཁང་དེ་གཉིས་ལ་སྐྱོན་བརྗོད་དང་ངོས་ལེན་མེད་པའི་རྩོམ་ཡིག་སྤེལ་བ་མ་ཟད། རིམ་པས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་འགྲེམས་སྟོན་ཁང་དེ་གཉིས་ཀྱི་མདུན་དུ་ངོ་རྒོལ་ལས་འགུལ་རིམ་པ་སྤེལ་ཡོད་པ་རེད།
སྐབས་ཐོག་དེར་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཧྥ་རན་སིའི་འགྲེམས་སྟོན་ཁང་དེ་གཉིས་ལ་གློག་འཕྲིན་བརྒྱུད་འབྲེལ་བ་ཞུས་ཀྱང་ཉིན་ཤས་རིང་ལན་འདེབས་བྱུང་མེད་ཀྱང་། འདི་ཚེས་༢༣་ཉིན་ཧྥ་རན་སིའི་ནང་གི་ སྦརན་ལི་ (Branly) འགྲེམས་སྟོན་ཁང་གིས་ཡིག་ཐོག་ལན་འདེབས་བྱུང་བའི་ནང་། འགྲེམས་སྟོན་ཁང་གི་ངོས་ནས་གཏན་འཇགས་བསྡུ་རུབ་བྱས་བའི་ཅ་དངོས་ཀྱི་ངོ་སྤྲོད་ཤོག་བུའི་སྟེང་བོད་ (Tibet) ཅེས་པའི་མིང་དེ་བེད་སྤྱོད་བྱེད་ཀྱི་ཡོད། དེའི་ངོ་སྤྲོད་བྱང་བུ་དང་ནང་ཁུལ་གྱི་ཡིག་མཛོད་གཉིས་ཀར་བོད་ཀྱི་དངོས་པོའི་མིང་བཏགས་པའི་སྐབས་སུ་གསལ་པོར་བཀོད་ཡོད། ཡིན་ན་ཡང་མཉམ་དུ་ཤི་ཙང་(Xizang)་ཞེས་བའི་མིང་དེ་ཡང་༢༠༢༣ལོར་རྒྱ་ནག་གིས་ཁྲིམས་ཡིག་གཏན་འབེབས་མ་བྱས་བའི་སྔོན་ནས་ལོ་ཤས་རིང་བེད་སྤྱོད་བཏང་ཡོད་པ་གསལ་བཤད་དང་མཉམ། ད་ཆ་ཁོང་ཚོའི་ངོས་ནས་གང་མགྱོགས་བཅོས་སྒྱུར་བྱེད་རྒྱུའི་འཆར་གཞི་ཡོད། བོད་མིང་(Tibet)་དེ་གུག་རྟགས་ནང་དུ་མི་འཇོག་པར་འབྲི་རྒྱུ་དང་། ཤི་ཙང་ (Xizang)་ཞེས་བའི་ཐ་སྙད་གང་མགྱོགས་མེད་པར་བཟོ་རྒྱུ་ཡིན་པ་གསལ་སྟོན་གནང་འདུག

གཞན་ཧྥ་རན་སིའི་ གྷུའི་མེཊི་ (Guimet) འགྲེམས་སྟོན་ཁང་གི་འབྲེལ་ཡོད་མི་སྣས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་ལན་འདེབས་གནང་བའི་ནང་། ཁོང་ཚོའི་ངོས་ནས་བོད་མི་དང་ཆེད་མཁས་པས་བོད་དེ་འགྲེམས་སྟོན་ནང་མེད་པར་བཟོས་པར་སྐྱོན་བརྗོད་བྱས་ཡོད་པར་ངོས་ལེན་བྱས་མེད་པ་དང་མཉམ། ཁོང་ཚོའི་འགྲེམས་སྟོན་གྱི་མིང་ཧི་མ་ལ་ཡའི་འཇིག་རྟེན་ཞེས་བཏགས་ཡོད་ཀྱང་བོད་དང་འབྲེལ་ཡོད་གནའ་རྫས་རིག་དངོས་ངོ་སྤྲོད་དུས་སུ་བོད་དང་བོད་པ་ཞེས་རང་འཇགས་བཞག་ཡོད་ཚུལ་གསལ་བཤད་དང་། དེ་བཞིན་ གྷུའི་མེཊི་ (Guimet) འགྲེམས་སྟོན་ཁང་གི་འབྲེལ་མཐུད་འགན་འཛིན་ ནི་ཀོ་ལསི་ རུའི་སན་ (Nicolas Ruyssen)་ལགས་ཀྱིས། མིང་བསྒྱུར་དེ་ནི་ཨེ་ཤེ་ཡའི་མངའ་ཁུལ་གྱི་རིག་གཞུང་དེ་སྤྱིར་བཏང་གི་ཡུལ་སྐོར་སྤྲོ་འཆམ་པས་ལས་སླ་བའི་ཐོག་ནས་རྒྱ་ཁྱབ་ཤེས་རྟོགས་ཀྱི་ཆེད་དང་། འགྱུར་བ་དེ་ཧི་མ་ལ་ཡའི་ཆ་ཤས་སུ་འཚམས་པོ་དང་རྒྱ་གར་སོགས་རིག་གཞུང་གཞན་གྱི་མངའ་ཁུལ་དང་འཚམས་པོ་ཡོད་ཚུལ་བརྗོད་འདུག ཡིན་ན་ཡང་འགྲེམས་སྟོན་ཁང་གི་ངོས་ནས་སེམས་ཚབས་བྱེད་མཁན་ཚོགས་སྡེ་ཁག་དང་ཐུག་འཕྲད་ཀྱིས་གྲོས་མོལ་བྱེད་འདོད་ཡོད། ཉེ་ཆར་གྱི་ངོ་རྒོལ་སྐྱོན་བརྗོད་དང་། ལྷག་པར་དུ་བོད་རིགས་ཚོགས་པས་(Le Monde)་གསར་ཤོག་ཐོག་སྐྱོན་བརྗོད་རྩོམ་ཡིག་སྤེལ་བ་དེ་ནི་འགྲེམ་སྟོན་ཁང་ལ་དོན་དངོས་རྩད་ཞིབ་བྱས་མེད་པར་བློ་ཕམ་གྱི་རྣམ་འགྱུར་བསྟན་དེ་ཡིད་ཕངས་བ་ཞིག་ལ་གནས་ཚུལ་རྫུན་མ་ཁྱབ་སྤེལ་ཕྱིན་པ་རེད་ཅེས་ཁ་གསབ་བྱས་འདུག
ད་ཆ་ སྦརན་ལི་ (Branly) ཞེས་པའི་འགྲེམས་སྟོན་ཁང་གི་དཀར་ཆག་ཡིག་ཆ་གསར་དུ་དཔར་བསྐྲུན་བྱས་པའི་ནང་བོད་མིང་ལ་ནོར་བཅོས་བྱས་ནས་རྒྱ་སྐད་ཀྱི་ཤི་ཙང་ (Xizang) ཞེས་བ་མེད་པར་བཟོས་ཏེ་བོད་མིང་ལ་དབྱིན་ཡིག་ནང་ (Tibet) ཞེས་བརྗེས་ཟིན་འདུག ཡིན་ན་ཡང་བོད་ནས་བྱུང་བའི་གནའ་རྫས་ཅ་དངོས་ཀྱི་ཐོ་གཞུང་དུ་མུ་མཐུད་དུ་(Xizang)་རང་འཇགས་བཞག་ཡོད་སྟབས་བདུན་ཕྲག་འདིའི་ནང་འགྲེམས་སྟོན་ཁང་གི་འབྲེལ་ཡོད་མི་སྣ་དང་ཐུག་འཕྲད་གནང་ནས་བཀའ་མོལ་ཞིབ་ཕྲ་གནང་རྒྱུའི་དུས་ཚོད་བཟོས་གནང་ཡོད་པ་ཡོ་རོབ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།


གསར་འགོད་པ། ལྕགས་མོ་འཚོ། བསྟན་འཛིན་བདེ་སྐྱིད། ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མི་རྣམས་ནས་རྒྱ་ནག་གི་གནོན་ཤུགས་འོག་བོད་སྤྱི་ལ་གནོད་འཚེར་གྱུར་བའི་ལག་ཆ་ཞིག་ཏུ་མི་འགྱུར་བའི་འབད་བརྩོན་གནང་གལ་ཆེ་བ་ཡིན་ཞེས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་གསུངས་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གི་མཇལ་ཁ་ཐོབ་པ་ནི་རྨི་ལམ་མངོན་སུམ་དུ་གྲུབ་པ་ལྟ་བུ་ཞིག་བྱུང་ཞེས། ཤིམ་ལའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཆེན་མོ་སྐུ་ཞབས་ Rajiv Shakdher ལགས་ཀྱིས་གསུངས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎