དགའ་ལྡན་ལྔ་མཆོད་ཉིན་ཆོས་ཕྱོགས་ཀྱི་བྱེད་སྒོར་མཉམ་ཞུགས་མི་ཆོག་པའི་དམ་བསྒྲགས།

2019-12-20
གློག་འཕྲིན།
མཆན།
Share
པར་བཀོད།
དགའ་ལྡན་ལྔ་མཆོད་སྐབས་ལྷ་ལྡན་གཙུག་ལག་ཁང་གི་མདུན། ༢༠༡༨།༡༢།༢
དགའ་ལྡན་ལྔ་མཆོད་སྐབས་ལྷ་ལྡན་གཙུག་ལག་ཁང་གི་མདུན། ༢༠༡༨།༡༢།༢
བོད་འབྱོར།

རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་རྗེ་ཙོང་ཁ་པ་མཆོག་གི་དགོངས་རྫོགས་ཏེ་དགའ་ལྡན་ལྔ་མཆོད་ཉིན་མཆོད་མཇལ་དང་ཆོས་ཕྱོགས་ཀྱི་བྱེད་སྒོར་མཉམ་ཞུགས་བྱེད་མི་ཆོག་པའི་དམ་བསྒྲགས་བྱེད་ཀྱི་འདུག
དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར། བོད་ཀྱི་རྒྱལ་ས་ལྷ་སའི་གདན་ས་ཁག་གཙོ་བོར་གྱུར་པའི་ས་གནས་མང་པོའི་ནང་དགའ་ལྡན་ལྔ་མཆོད་ཅེས་ལོ་ལྟར་བོད་ཟླ་༡༠་བའི་ཚེས་༢༥་ཉིན་རྗེ་ཙོང་ཁ་པ་མཆོག་ལ་རྗེས་དྲན་ཞུ་བཞིན་ཡོད་པ་དང་། དམིགས་བསལ་འདི་ལོ་ནི་རྗེ་ཙོང་ཁ་པ་མཆོག་དགོངས་པ་རྫོགས་ནས་ལོ་ངོ་དྲུག་བརྒྱ་འཁོར་བའི་དམིགས་བསལ་དུས་ཚིགས་ཤིག་འཁེལ་ཡོད་པས། རྒྱ་ནག་གི་འབྲེལ་ཡོད་ཚན་པས་ལྷ་སའི་སློབ་གྲྭ་ཁག་དང་ལས་ཁུངས་ཁག་ལ་བརྡ་ཁྱབ་ཅིག་བཏང་ནས། ལས་བྱེད་དང་སློབ་མ་ཚོ་ད་རེས་ཚེས་༢༠་དང་༢༡་ཉིན་བཞི་མཆོད་དང་ལྔ་མཆོད་ཀྱི་ཆོས་ཕྱོགས་བྱེད་སྒོ་སྤེལ་ཡུལ་དང་མི་ཚོགས་འདུ་འཛོམས་མང་སར་བསྐྱོད་མི་ཆོག་པ་དང་། གལ་ཏེ་མཉམ་ཞུགས་བྱས་པ་ཤེས་རྟོགས་བྱུང་ཚེ། རང་ཉིད་ཀྱིས་འགན་འཁུར་དགོས་པ་མ་ཟད། ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་ཡོད་འདུག
ཡང་གནས་ཚུལ་ལ་རྒྱུས་མངའ་ཡོད་མཁན་ནས་བརྗོད་པར། ད་རེས་དགའ་ལྡན་ལྔ་མཆོད་སྐབས་ལས་བྱེད་དང་སློབ་ཕྲུག་ཚོར་དམ་དྲག་གི་བརྡ་ཁྱབ་བཏང་བ་དང་། ད་དུང་སློབ་མ་ཚོའི་ཁྱིམ་བདག་ཕ་མ་ཚོས་ཀྱང་དོ་སྣང་དགོས་པ་བརྗོད་པ་ནི། ཉིན་འདི་ཚོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སུ་ཞབས་སོར་འཁོད་ནས། རྗེ་ཙོང་ཁ་པ་མཆོག་དགོངས་པ་རྫོགས་ཏེ་ལོ་ངོ་དྲུག་བརྒྱ་འཁོར་བའི་རྗེས་དྲན་གྱི་དམིགས་བསལ་མཛད་སྒོ་འཚོགས་གནང་བཞིན་པར་དམིགས་པའི་དམ་བསྒྲགས་ཤིག་ཡིན་པར་ངོས་འཛིན་གནང་གི་འདུག    
ཡང་མིང་འབོད་གནང་འདོད་མེད་པའི་བོད་ནང་གི་མི་སྣ་ཞིག་གིས། ལྷ་སའི་ནང་དམིགས་བསལ་རྣོ་ངར་གྱི་དུས་ཚིགས་དང་། ཆོས་ཕྱོགས་ཀྱི་དམིགས་བསལ་དུས་ཚིགས་སྐབས་གང་སར་དམག་མི་དང་། སྒྲིག་ཆས་གྱོན་མེད་པའི་གསང་བའི་མི་སྣ་དཀྲམ་ནས་དམ་དྲག་དང་། སློབ་གྲྭ་ཁག་ནང་བརྡ་ཐོ་བཏང་སྟེ་བྱེད་སྒོ་གང་རུང་ནང་མཉམ་ཞུགས་མི་ཆོག་པ་དང་། ཤེས་རྟོགས་བྱུང་ན་ཉེས་པ་གཏོང་རྒྱུའི་འཇིགས་སྐུལ་བྱེད་པའི་གནས་ཚུལ་ཡང་ཡང་ཡོང་བཞིན་པ་ངོ་སྤྲོད་གནང་བྱུང་།

མཆན། (0)
Share
དྲ་གནས་ཆ་ཚང༌།