ས་ཡོམ་བྱུང་སའི་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་ནག་གཞུང་གིས་གུར་རེ་ཟུང་ཕུབ་པ་ཙམ་ལས་གཞན་རོགས་སྐྱོར་བྱས་མི་འདུག

2023.12.28
ས་ཡོམ་བྱུང་སའི་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་ནག་གཞུང་གིས་གུར་རེ་ཟུང་ཕུབ་པ་ཙམ་ལས་གཞན་རོགས་སྐྱོར་བྱས་མི་འདུག ས་ཡོམ་གྱི་གོད་ཆག་བྱུང་ཡུལ་ཁག་གི་སྡོད་ཁང་གཏོར་བཤིག་བཏང་ཡོད་པ། ༢༠༢༣།༡༢།༡༨ ཉིན།
མི་སེར་གསར་འགོད་པ།

ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༡༨ ཉིན་རྒྱ་ནག་ཀན་སུའུ་ཞིང་ཆེན་ཀ་ཆུ་ཧེ་རིགས་རང་སྐྱོང་ཁུལ་ཇི་ཧྲི་ཧྲན་དུ་ས་འགུལ་ཚད་རིམ་ ༦.༢ ཅན་ཞིག་བརྒྱབ་ཡོད་པ་བཞིན། དེ་རིང་ཕྱི་ཚེས་ ༢༨ བར་རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོའི་ནང་ཀན་སུའུ་དང་མཚོ་སྔོན་གཉིས་ནས་མི་གྲངས་ ༡༤༩ རྐྱེན་འདས་ཕྱིན་སྐོར་བཀོད་ཡོད་པ་དང་། བོད་ནང་གི་ས་ཡོམ་བྱུང་ཁུལ་གཙོ་བོ་ཡ་རྫི་རྫོང་ཁོངས་ཀྱི་རྡོ་སྦིས། སྟོང་རི་ལྷ་མཚོའི་རི་རྒྱུད་ཀྱི་གཏེར་ཁ་ལུང་དང་། ཉ་མོ། འོད་སྨད། རྡོ་སྦིས་གྲྭ་ཚང་དང་སེར་གྲོང་། ཁིས་སྨད། སྟོད་ར། ལྕང་ཤར་སོགས་ཀྱི་སྡེ་བ་ཁག་ཏུ་སྡོད་ཁང་ལ་གཏོར་བཤིག་ཤུགས་ཆེན་ཐེབས་ཡོད་ན་ཡང་། རྒྱ་ནག་གཞུང་ངོས་ནས་ས་ཡོམ་བརྒྱས་རྗེས་ཀྱི་ཉིན་གྲངས་གསུམ་རྗེས་སུ་སྡོད་གུར་རེ་ཟུང་ཕུབ་པ་ལས་གཞན་རོགས་སྐྱོར་དམིགས་བསལ་བ་གང་ཡང་བྱས་མེད་ཀྱང་། བོད་ནང་གི་ས་ཕྱོགས་གང་ས་ནས་མི་སྒེར་དང་ཚོགས་པ། དགོན་སྡེ་སོགས་ཀྱིས་དངུལ་དང་ཅ་དངོས་ཀྱི་རོགས་སྐྱོར་ཕོན་ཆེན་བྱས་ཡོད་པས། གནས་སྐབས་དཀའ་ཁག་བྱུང་གི་མེད་སྐོར། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

བོད་ནང་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་མི་འབྱོར་ལྡན་དང་ཚོང་གཉེར་བ་སོགས་ནས། རྡོ་སྤིས་ཀྱི་ས་འགུལ་བྱུང་ཁུལ་དུ་དངོས་ཟོག་དང་། གྱོན་ཆས།ཟས་རིགས་སོགས་ཕོན་ཆེར་བྱེད་བཞིན་པ་མཐོང་རྒྱུ་འདུག་ལ། ས་ཡོམ་གྱི་གནོད་འཚེ་དང་འབྲེལ་རྒྱ་ནག་གཞུང་ངོས་ནས་མཚོ་སྔོན་དང་ཀན་སུའུ་གཉིས་སུ་ས་ཡོམ་སྐོར་ལ་དཀྲོག་གཏམ་བཟོས་སྐོར་བརྗོད་ནས། ཀན་སུའུ་ནས་མི་གྲངས་ ༡༢ འཛིན་བཟུང་ཁྲིམས་ཆད་དང་སློབ་གསོ་བཏང་ཡོད་སྐོར་དང་། དེ་བཞིན་མཚོ་སྔོན་ཕྱོགས་ནས་དཀྲོག་གཏམ་སྤེལ་མཁན་ ༤༠ ལྷག་རྩད་དཔྱོད་དང་མི་གྲངས་ ༣ སྲིད་འཛིན་ཆད་པ་དང་མི་ ༡༦ སྐྱོན་བརྗོད་སློབ་གསོ་བཏང་ཡོད་པ་སོགས་བཀོད་འདུག་ལ། ཡང་འབྲེལ་ཡོད་གཞན་དེས་མཚོ་སྔོན་མཚོ་ཤར་གཞུང་འབྲེལ་མི་སྣས། ས་ཡོམ་སྐོར་གྱི་པར་དང་བརྙན་གང་བྱུང་སྤྱི་ཚོགས་དྲ་ལམ་དུ་སྤེལ་མི་ཆོག་པ་དང་། ལྷག་པར་དུ་གཞུང་འབྲེལ་གྱི་ཆོག་མཆན་མེད་པར་གནོད་ཐེབས་ས་ཁུལ་དང་གཏོར་བཤིག་ཐེབས་པའི་ཡུལ་མིའི་སྡོད་ཁང་གི་བརྙན་པར་གང་བྱུང་རྒྱུད་བསྐུར་བྱས་མི་ཆོག་པའི་བཙན་བཀའ་གཏོང་བཞིན་ཡོད་པ་འགྲེལ་བརྗོད་གནང་གི་འདུག

ཐེངས་འདིར་ས་ཡོམ་གྱིས་མཚོ་སྔོན་ཕྱོགས་ནས་ས་ཡོམ་བྱུང་ཁུལ་གཙོ་བོ་ཡ་རྫི་རྡོ་སྤིས་མངའ་ཁུལ་ཆགས་ཡོད་པ་དང་། སྤྱིར་ཡ་རྫི་རྫོང་ནང་དུ་རྡོ་སྦིས་དང་། བིས་མདོ། ཀ་རིང་། རྐང་ཚ་བཅས་བོད་རིགས་ཀྱི་གྲོང་སྡེ་བཞི་མ་གཏོགས་མེད་འདུག་ལ། ས་ཡོམ་དང་ཁ་ཐག་སྤྱི་ལེ་ ༡༥ ཙམ་ལས་པའི་བོད་ཀྱི་གྲོང་སྡེ་རྡོ་སྤིས་ཉ་མོ་སྡེ་བ་ཆགས་ཡོད་པ་དང་། ས་གནས་དེའི་སྡོད་ཁང་ཕལ་ཆེ་བ་གཏོར་བཤིག་བཏང་ཡོད་པ་མ་ཟད། རྡོ་སྤིས་གྲྭ་ཚང་ལ་གཏོར་བཤིག་ཐེབས་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་ཀན་སུའུ་ཕྱོགས་ནས་གནའ་ཤུལ་དང་རིག་དངོས་སོགས་ལ་གཏོར་སྐྱོན་ཐེབས་ཡོད་སྐོར་བཀོད་ཡོད་ཀྱང་། ད་ལྟའི་ཆར་ཀན་སུའུ་ཞིང་ཆེན་དུ་ཡོད་པའི་གནའ་བོའི་ཏུན་ཧོང་བྲག་ཕུག་ཡིན་མིན་གསལ་ཁ་མེད་ཀྱང་། རྒྱ་ནག་གཞུང་འབྲེལ་ངོས་ནས་བྲག་ཕུག་ཅིག་གི་རིག་དངོས་ ༢༤ ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་ཅིང་། གཙོ་བོ་གྱང་ངོས་ལ་གནོད་སྐྱོན་དང་ཁང་པར་གས་འཐོར་བྱུང་བ་སོགས་བཀོད་འདུག་ལ། དེ་མིན་ཀ་ཇུ་ཅི་ཧྲི་ཧྲན་རྫོང་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པའི་རྫ་ཆས་ཚོན་ཁྲ་ཅན་ ༡༡ ལ་ཆག་གྲུམ་ཤོར་ཡོད་སྐོར་སོགས་བཀོད་འདུག་ཀྱང་། རྒྱ་ནག་གསར་ལམ་ཁག་ཏུ་ས་ཡོམ་ལ་རོགས་སྐྱོར་བྱེད་བཞིན་པའི་རྣམ་པ་ཙམ་ལས་གནོད་ཐེབས་ས་ཁུལ་གྱི་ཡུལ་དངོས་དང་། གཏོར་སྐྱོན་ཐེབས་པའི་ས་ཁུལ་སྟོན་གྱི་མེད་པ་རེད།

རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོའི་ནང་དེ་རིང་ཕྱི་ཚེས་ ༢༨ བར་ས་ཡོམ་གནོད་སྐྱོན་ཁྲོད། མཚོ་སྔོན་ཞིང་ཆེན་མཚོ་ཤར་མངའ་ཁུལ་དུ་མི་གྲངས་ ༣༢ རྐྱེན་འདས་དང་། མི་གྲངས་ ༡༩༨ ལྷག་ལ་རྨས་སྐྱོན་བྱུང་སྐོར་དང་། ཀན་སུའུ་ཀ་ཆུ་ཁུལ་ནས་མི་གྲངས་ ༡༡༧ རྐྱེན་འདས་དང་། མི་གྲངས་ ༧༨༡ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག་ལ། རྒྱ་ནག་གཞུང་འབྲེལ་ཀྲུང་དབྱང་རླུང་འཕྲིན་ཁང་ཟེར་བས། ཀན་སུའུ་ཞིང་ཆེན་གྱིས་གནོད་ཐེབས་ས་ཁུལ་གྱི་སྡོད་ཁང་ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༡ ནང་བསྐྱར་གསོ་དང་ལེགས་འགྲུབ་དང་། ཕྱི་ཟླ་ ༡༠ ནང་གྲོང་མི་ཚོ་སྡོད་ཁང་དུ་སྡོད་ཐུབ་པའི་འགན་ལེན་བྱེད་བཞིན་ཡོད་པ་བཀོད་འདུག་ལ། ཡང་མཚོ་སྔོན་བོད་ཡིག་གསར་འགྱུར་ཟེར་བའི་སྟེང་། མཚོ་སྔོན་ཞིང་ཆེན་གྱིས་ས་ཡོམ་དང་འབྲེལ་བའི་ཚོགས་འདུ་ཚོགས་ཏེ་མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞིར་གང་ལེགས་ཀྱིས་ཉན་པ། གནས་ལུགས་གསལ་པོར་བརྗོད་པ་དང་སྲིད་ཇུས་གསལ་པོར་འགྲེལ་བ། བྱ་བ་ཞིབ་མོར་སྒྲུབ་པ་བཅས་བྱས་ཏེ། ཚན་རིག་དང་དམངས་གཙོ། ཁྲིམས་ལྟར་ཇུས་ཐག་གཅོད་པ་བཅས་ཀྱིས་མཛེས་སྡུག་གི་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་དགོས་བཀོད་འདུག

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།   
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགུང་གྲངས་ ༩༧ ཐོག་དགོངས་པ་རྫོགས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎