ཇར་མན་གཞུང་གིས་རྒྱ་ནག་གཞུང་དང་འབྲེལ་བ་བྱེད་ཕྱོགས་ཀྱི་སྲིད་ཇུས་ལ་འགྱུར་བ་གཏོང་འཆར་འདུག

2022.05.25
Share on WhatsApp
Share on WhatsApp
ཇར་མན་གཞུང་གིས་རྒྱ་ནག་གཞུང་དང་འབྲེལ་བ་བྱེད་ཕྱོགས་ཀྱི་སྲིད་ཇུས་ལ་འགྱུར་བ་གཏོང་འཆར་འདུག རྒྱ་ནག་པེ་ཅིང་དུ་རྒྱ་ནག་དང་ཇར་མན་གྱི་རྒྱལ་དར་བསྒྲེངས་ཡོད་པ། ༢༠༡༢
AFP

ཇར་མན་གཞུང་གིས་རྒྱ་ནག་དང་ལྷན་དུ་འབྲེལ་ལམ་བྱེད་ཕྱོགས་ཐད་འགྱུར་བ་བཏང་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གཙོ་བོར་འཛིན་རྒྱུ་ཡིན་པ་བརྗོད་འདུག་ལ། རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གིས་དེ་ནི་གནས་ཚུལ་མི་དྲང་པ་དང་མ་བདེན་རྫུན་སྒྲིག་གིས་རྒྱ་ནག་ངན་པ་བཟོ་ཐབས་ཤིག་ཡིན་པས་དེ་རིགས་ལ་མཐའ་གཅིག་ཏུ་དགག་བྱ་བྱེད་ཀྱི་ཡོད་ཅེས་ལན་འདེབས་བྱས་འདུག
ཇར་མན་སྲིད་གཞུང་གིས་རྒྱ་ནག་ནང་རྒྱ་གན་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པའི་གནས་སྟངས་ཀྱི་ཐོག་ནས་རྒྱ་ནག་ལ་འཛིན་པའི་སྲིད་བྱུས་འགྱུར་བ་གཏོང་བཞིན་ཡོད་ཅེས་ཇར་མན་གྱི་སྲིད་བློན་མཆོག་གིས་གསལ་སྟོན་གནང་འདུག
ཇར་མན་གྱི་རྒྱལ་ས་(Berlin)་ནས་རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཇར་མན་གྱི་དཔལ་འབྱོར་བློན་ཆེན་སྐུ་ཞབས་(Robert Habeck)་ཡིས་བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཉིན་ཇར་མན་གཞུང་གིས་རྒྱ་ནག་དང་འབྲེལ་བ་བྱེད་ཕྱོགས་ཀྱི་གནས་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད་ཅེས་དང་། ལྷག་པར་དུ་མ་འོངས་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་དོ་སྣང་ཆེན་པོ་གནང་གི་ཡིན་ཞེས་གསལ་སྟོན་གནང་འདུག
འདི་ཚེས་༢༥ཉིན་རྒྱ་ནག་གི་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་(Wang Wenbin)་ཡིས་ཇར་མན་གཞུང་དང་ཆབ་སྲིད་པ་ཚོས་མི་མང་ལ་ལོག་འགྲེལ་བྱས་ནས་ཇར་མན་རང་ཉིད་ཀྱི་ཁེ་ཕན་ལ་གནོད་སྐྱོན་མི་གཏོང་བའི་རེ་བ་ཡོད་ཅེས་བརྗོད་འདུག
ནུབ་ཕྱོགས་རྒྱལ་ཁབ་ཁག་དང་། འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་གིས་རྒྱ་ནག་གི་ཤིན་ཅིང་ས་གནས་སྲིད་གཞུང་གིས་ཡུ་གུར་མི་རིགས་དང་། དེ་བཞིན་གྲངས་ཉུང་མི་རིགས་ཚོ་ངལ་རྩོལ་བསྒྱུར་བཀོད་ར་བའི་ནང་ཟུར་དུ་བཙན་གྱིས་བཀག་སྐྱིལ་བྱས་ནས་སྡུག་རྩུབ་ཚད་མེད་གཏོང་བཞིན་ཡོད་ལུགས་སྐྱོན་བརྗོད་རིམ་པ་གནང་བཞིན་ཡོད་པ་རེད། ཡིན་ནའང་རྒྱ་ནག་གཞུང་གིས་དེར་ངོས་ལེན་རྩ་བ་ནས་བྱེད་ཀྱི་མེད་པ་མ་ཟད། ད་དུང་ངལ་རྩོལ་བསྒྱུར་བཀོད་རྭ་བ་དེ་ནི་ལས་རིགས་འཚོལ་ཐབས་ཀྱི་སྦྱོང་བརྡར་སྤྲོད་ས་ཞིག་ཡིན་པ་བརྗོད་ཡོད་པ་དང་། ལྷག་པར་དུ་དེ་ནི་ཁ་ཆེའི་ཐལ་ཆ་ཆེ་བའི་ཆོས་སྤེལ་མཁན་ཚོར་སློབ་གསོ་སྤྲོད་ཡུལ་གྱི་ཟུར་བཀག་སྡོད་ཁང་ཞིག་ཡིན་པ་བརྗོད་པ་ལས་ཡུ་གུར་མི་རིགས་ཚོར་སྡུག་རྩུབ་གཏོང་བའི་ངལ་རྩོལ་རྭ་བ་ཞིག་ཡིན་པར་ངོས་ལེན་བྱེད་ཀྱི་མེད་པ་རེད།
ཇར་མན་གྱི་ཕྱི་སྲིད་བློན་ཆེན་ལྕམ་(Bearbook) ཡིས་རྒྱ་ནག་གཞུང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཕྱི་གསལ་ནང་གསལ་བྱེད་དགོས་པ་དང་། ཇར་མན་སྲིད་གཞུང་གིས་འཛམ་གླིང་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་རྒྱུའི་འགན་ལེན་གནང་རྒྱུ་ཡིན་ཞེས་གསལ་སྟོན་གནང་འདུག

གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།