ཨ་རི་དང་རྒྱ་ནག་གི་དམག་འབྲེལ་ཡར་རྒྱས་གཏང་འཆར།

ཨ་མི་རི་ཀའི་བདེ་སྲུང་དྲུང་ཆེ་སྐུ་ཞབས་རོ་སྦ་ཊ་གེཊ་སི་གཟའ་འཁོར་རྗེས་མར་རྒྱ་ནག་ཏུ་འཚམས་གཟིགས་གནང་རྒྱུ་ཡིན་པ་རེད།

2011-01-08
Share

༄༅༎ཨ་མི་རི་ཀའི་བདེ་སྲུང་དྲུང་ཆེ་སྐུ་ཞབས་རོ་སྦ་ཊ་གེཊ་སི་གཟའ་འཁོར་རྗེས་མར་རྒྱ་ནག་ཏུ་འཚམས་གཟིགས་གནང་རྒྱུ་ཡིན་ཞིང་ འཛམ་གླིང་ནང་གི་སྟོབས་ཆེན་རྒྱལ་ཁབ་ཨ་རི་དང་དམག་དོན་སྟོབས་ཤུགས་རྒྱས་བཞིན་པའི་རྒྱ་ནག་དབར་གྱི་དམག་དོན་གྱི་འབྲེལ་ལམ་ཉམས་ཆགས་ཕྱིན་པ་གསོ་ཐབས་གནང་རྒྱུ་ཡིན་འདུག ཁོང་གཟའ་སྤེན་པའི་ཉིན་ཨ་མི་རི་ཀ་ནས་ཕེབས་ཐོན་གནང་རྒྱུ་ཡིན་པ་རེད།

ད་རེས་ཨ་མི་རི་ཀའི་བདེ་སྲུང་དྲུང་ཆེ་རྒྱ་ནག་ཏུ་ཕེབས་སྐབས་རྒྱ་ནག་གི་རྡུལ་ཕྲན་མཚོན་ཆའི་བཀོད་འདོམས་ཁང་ཞིག་ཏུ་ཡང་གཟིགས་བསྐོར་གནང་རྒྱུ་ཡིན་འདུག་ཅིང་ འདི་ནི་རྒྱ་ནག་གི་ངོས་ནས་ཨ་མི་རི་ཀ་དང་རྒྱ་ནག་དབར་གྱི་དམག་དོན་འབྲེལ་ལམ་ཉམས་གསོ་འབྱུང་རྒྱུའི་མཚོན་དོན་གལ་ཆེ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

སྐུ་ཞབས་གེཊིསི་རྒྱ་ནག་ཏུ་ཉིན་གསུམ་རིང་འཚམས་གཟིགས་གནང་པའི་རྗེས་གཟའ་ལྷག་པའི་ཉིན་ཉེ་ཧོང་གི་རྒྱལ་ས་ཊོཀྱོ་དང་གཟའ་པ་སངས་ཉིན་ལྷོ་ཀོ་རི་ཡའི་རྒྱལ་ས་སོའུལ་དུ་ཕེབས་ཏེ་བར་སྐབས་བྱང་ཀོ་རི་ཡའི་བྱས་བབས་ལ་གཞིགས་ཏེ་ཀོ་རི་ཡའི་ཕྱེད་གླིང་དེའི་ནང་ཛ་དྲག་གི་ཚོར་བ་ཆེན་པོ་ཞིག་བསྐྲུན་ཡོད་པ་དེ་ཞི་ཐབས་དང་ གནད་དོན་དེ་རིགས་ལ་འབྱུང་རྒྱུར་གདོང་ལེན་བྱ་ཕྱོགས་སོགས་ཀྱི་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་འདུག།

ཨ་མི་རི་ཀའི་བདེ་སྲུང་དྲུང་ཆེ་རྒྱ་ནག་ཏུ་ཕེབས་རྒྱུའི་དུས་ཚོད་འདི་ནི་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོ་ཨ་མི་རི་ཀར་རྒྱལ་དོན་འཚམས་གཟིགས་དུ་མ་ཕེབས་པའི་ཉིན་བཅུ་ཙམ་གྱི་སྔོན་དུ་བྱུང་བཞིན་པ་དང་ རྒྱ་ནག་གི་ངོས་ནས་ཨ་རིའི་བདེ་སྲུང་དྲུང་ཆེའི་འཚམས་གཟིགས་འདི་ཡུལ་གྲུ་གཉིས་དབར་གྱི་དམག་དོན་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུར་ཧ་ཅང་གལ་འགངས་ཆེ་བ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་འདུག།

ཨ་མི་རི་ཀའི་ངོས་ནས་རྒྱ་ནག་གི་དམག་དོན་རྒྱ་སྐྱེད་ཀྱི་ལས་གཞི་ཕྱི་གསལ་ནང་གསལ་མེད་པ་དང་རྒྱ་ནག་གཞུང་གི་ལོ་རེའི་དམག་དོན་རྒྱ་སྐྱེད་ལ་དམིགས་པའི་སྔོན་རྩིས་ཀྱི་འགྲོ་གྲོན་ཧ་ལས་པའི་ཆེན་པོ་ཞིག་གཏང་བཞིན་ཡོད་པ་བཅས་ལ་སེམས་ཚབས་ཆེན་པོ་བྱེད་ཀྱི་ཡོད་ལ་ རྒྱ་ནག་དང་རྒྱུན་ལྡན་གྱི་དམག་དོན་གྲོས་མོལ་གྱི་ལས་རིམ་ཞིག་འབྱུང་ཐབས་ལ་འབད་བརྩོན་ཆེན་པོ་གནང་བཞིན་ཡོད་པ་རེད།

ཨ་མི་རི་ཀས་ཐའེ་ལྦན་ལ་ཌོ་ལར་ཐེར་འབུམ་འགའ་ཤས་གནས་པའི་གོ་མཚོན་ཚོང་བསྒྱུར་བྱ་རྒྱུའི་ཐག་གཅོད་དང་ རྒྱ་ནག་གིས་བྱང་ཀོ་རི་ཡར་རྒྱབ་སྐྱོར་ཤུགས་ཆེ་བྱེད་པའི་སྲིད་བྱུས་སོགས་ནི་ཡུལ་གྲུ་གཉིས་དབར་གྱི་དམག་དོན་འབྲེལ་ལམ་ཉམས་ཆགས་འགྲོ་གཞིའི་རྒྱུ་རྐྱེན་གཙོ་བོའི་གྲས་ཆགས་ཀྱི་ཡོད་པ་རེད༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།