ཇར་མན་དང་ཡོ་རོབ་མཉམ་འབྲེལ་གྱི་དཔོན་རིགས་ཚོ་བོད་དོན་ཐད་ཐུགས་སྣང་ཇེ་ཆེ་རེད།

2020-03-13
གློག་འཕྲིན།
མཆན།
Share
པར་བཀོད།
བྷེལ་ཇམ་ནང་བོད་མི་ཁག་ཅིག་ཡོ་རོབ་མཉམ་འབྲེལ་གྱི་ལས་ཁུངས་མདུན། ༢༠༡༦།༣།༡༠
བྷེལ་ཇམ་ནང་བོད་མི་ཁག་ཅིག་ཡོ་རོབ་མཉམ་འབྲེལ་གྱི་ལས་ཁུངས་མདུན། ༢༠༡༦།༣།༡༠
AFP

ཇར་མན་དང་ཡོ་རོབ་མཉམ་འབྲེལ་གྱི་དཔོན་རིགས་ཚོ་༧གོང་ས་མཆོག་གི་མ་འོངས་ཡང་སྲིད་དང་བོད་དོན་ཐད་གླེང་སློང་གནང་རྒྱུ་མང་དུ་ཕྱིན་ཡོད་འདུག
ཇར་མན་དང་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་དཔོན་རིགས་ཚོས་བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཁྲིམས་འཆར་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་སྐུའི་ཡང་སྲིད་ཀྱི་གནད་དོན། དེ་བཞིན་བོད་ནང་ཆོས་དད་རང་དབང་དགོས་བ་སོགས་ཀྱི་ཐད་རྒྱབ་སྐྱོར་གནང་བཞིན་ཡོད་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གསར་འགོད་གསལ་བསྒྲགས་སྤེལ་འདུག
དེ་ནི་ཨ་རིའི་གྲོས་ཚོགས་ནང་བོད་དོན་ཐད་རྒྱབ་སྐྱོར་ཆེན་པོ་བྱུང་བ་དང་། ཉེ་སྔོན་བོད་ནང་ཕར་ཚུར་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་གཞི་གཏན་འབེབས་བྱས་བའི་རྗེས་ཇར་མན་དང་།  ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཆེས་མཐོའི་དཔོན་རིགས་ཚོས་བོད་མིའི་གཞི་རྩའི་རང་དབང་དང་། དྲང་བདེན་ཐོག་གླེང་སློང་གནང་རྒྱུ་མང་དུ་ཕྱིན་ཡོད་འདུག
ཇར་མན་གྱི་གྲོས་ཚོགས་འཐུས་མི་(Margarete Bause)་ལགས་ཀྱིས། ཕྱི་སྲིད་ལས་ཁུངས་ཀྱི་བློན་ཆེན་གཞོན་པ་(Niels Annen)་མཆོག་ལ། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མ་འོངས་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་དང་འབྲེལ་བའི་སྐོར་བཀའ་འདྲི་ཞུས་པའི་ལན་དུ། ཁོང་གིས། ཆོས་ལུགས་སོ་སོའི་ངོས་ནས་རང་དབང་གི་ཐོག་རང་གི་ཆོས་ཕྱོགས་ཀྱི་དབུ་ཁྲིད་འོས་འདེམས་ཞུ་ནི་འོས་མཚམས་ཡིན་པར་ངོས་འཛིན་བྱེད་བཞིན་པ་དང་། ཇར་མན་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་ནི་ནང་པའི་དབུ་ཁྲིད་ལ་ངོས་འཛིན་ཞུ་གི་ཡོད་པ་རེད་ཅེས་གསུངས་འདུག
བློན་ཆེན་གཞོན་པ་སྐུ་ཞབས་(Annen)་ལགས་ཀྱིས་སྤྱི་བསྒྲགས་ཞིག་སྤེལ་བའི་ནང་། ཡོ་རོབ་ནང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མ་འོངས་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ནི། བོད་མི་ནང་པ་གཅིག་པུས་ཐག་གཅོད་བྱེད་ཀྱི་རེད་ཞེས་གསུངས་ཀྱི་ཡོད་འདུག ཉེ་སྔོན་ཕྱི་ཟླ་དང་པོའི་ནང་བྷེལ་ཇམ་གྱི་ཕྱི་འབྲེལ་ལས་དོན་དང་བདེ་སྲུང་བློན་ཆེན་(Philippe Goffin) མཆོག་གིས། དེ་ནི་ཚད་མ་རིག་པའི་ཐོག་ནས་ཡང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ནི་བོད་བརྒྱུད་ནང་པའི་སྤྱི་ཚོགས་རང་ནས་ཐག་ཆོད་ཀྱིས་བསྐོ་བཞག་གནང་དགོས་པ་ལས་ སྲིད་དབང་གིས་དེར་ཐེ་ཇུས་བྱ་རྒྱུ་ཡོད་པ་མ་རེད་ཞེས་གསུངས་ཡོད་པ་རེད།
དེ་བཞིན་ཉེ་ཆར་ཡོ་རོབ་གྲོས་ཚོགས་ཀྱི་ཆབ་སྲིད་ཀྱི་ཚོགས་པ་སྣེ་མང་ལས་གྲུབ་པའི་འཐུས་མི་ལྔ་ཡིས་ཡིག་ཐོག་ནས་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་དབུ་ཁྲིད་(Jospe Bolrrell)་ལགས་སུ། ༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དོན་དངོས་ག་རེ་གནང་འཆར་ཡོད་མེད་དྲིས་ཡོད་འདུག
གཞན་ཨ་རིས་གཏན་འབེབས་བྱས་བའི་བོད་ནང་ཕར་འགྲོ་ཚུར་འོང་གིོ་ཁྲིམས་གཞི་རྒྱ་ནག་གཞུང་གིས་དངོས་སུ་ལག་ལེན་གནང་ཐབས་སུ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རིའི་གཞུང་ལ་ནན་སྐུལ་ཞུ་བཞིན་ཡིན་པ་རེད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།