རྒྱ་ནག་གིས་འཇར་མན་གྱི་སྐུ་ཚབ་མི་སྣ་ཤིན་ཅང་ནང་གཟིགས་སྐོར་ངོས་ལེན་བྱས་མི་འདུག

2018-12-06
གློག་འཕྲིན།
མཆན།
Share
པར་བཀོད།
འཇར་མན་ཕྱི་སྲིད་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ལྷན་ཁང་གི་འགན་འཛིན་ལྕམ་(Barbel Kofler)མཆོག
འཇར་མན་ཕྱི་སྲིད་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ལྷན་ཁང་གི་འགན་འཛིན་ལྕམ་(Barbel Kofler)མཆོག
Bärbel Kofler/fb

འཇར་མན་ཕྱི་སྲིད་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོས་སྣེ་ཁྲིད་ནས་མཐོ་རིམ་སྐུ་ཚབ་བོད་ནང་གཟིགས་སྐོར་དུ་ཕེབས་འདུག
དེ་ཡང་འཇར་མན་ཕྱི་སྲིད་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ལྷན་ཁང་གི་འགན་འཛིན་ལྕམ་(Barbel Kofler)མཆོག་ནས་ཚེས ༥ ཉིན་སྤྱི་བསྒྲགས་ཞིག་སྤེལ་ཡོད་པ་དེའི་ནང་། བོད་ནང་ནང་པའི་ཆོས་དང་རིག་གཞུང་ཐོག་དམ་དྲག་ཤུགས་ཆེ་བྱེད་བཞིན་པར་བློ་འཚབ་ཆེན་པོ་ཡོད་དང་། ཁོང་འདི་ཚེས་ལྔ་ཉིན་བོད་ནང་གཟིགས་བསྐོར་ཕེབས་རྒྱུ་དང་སྤྱི་ཚེས ༦ དང ༧ ཉིན་གཉིས་རིང་རྒྱ་ནག་གི་འབྲེལ་ཡོད་ཚོ་དང་བཀའ་མོལ་གནང་རྒྱུ་ཡིན་ཞེས་གསུངས་ཡོད་པ་ལས་དམིགས་བསལ་བོད་ཀྱི་ས་ཁུལ་གང་དུ་ཕེབས་ཀྱི་ཡོད་མེད་གསལ་ཁ་བཏོན་གནང་མེད་པ་རེད།
ཡང་གོང་ཞུས་སྤྱི་བསྒྲགས་དེའི་ནང་མུ་མཐུད་ནས་བཀོད་པ་ལྟར་ན། ཁོང་རྩ་བའི་ཡུ་གུར་མི་རིགས་ཚོའི་གནས་ཡུལ་ཤིན་ཅང་ཁུལ་གཟིགས་སྐོར་ཕེབས་འདོད་གནང་ཡང་ཁུལ་དེར་ཕེབས་རྒྱུར་རྒྱ་ནག་གཞུང་ནས་ཆོག་མཆན་ཕུལ་མེད་པ་རེད།  ཁོང་གིས་མུ་མཐུད་ནས་འབོད་སྐུལ་གནང་སྟེ་ཕེབས་ཐུབ་ཐབས་གནང་གི་ཡིན་ཞེས་གསུངས་པ་དང་ཆབས་ཅིག་རྒྱ་ནག་གཞུང་ནས་ཤིན་ཅང་ཡུ་གུར་མི་རིགས་ཚོའི་ཐོག་རྒྱ་ནག་གཞུང་གི་བྱ་སྤྱོད་སྤེལ་སྟངས་ལ་ཧང་སངས་དགོས་པའི་བློ་འཚབ་བྱུང་ཞེས་གསུངས་ཡོད་པ་རེད།
ད་དུང་འཇར་མན་ཕྱི་འབྲེལ་ལས་ཁུངས་ཀྱི་དྲ་ཚིགས་སྟེང་བཀོད་པའི་གནས་ཚུལ་ལྟར་ན། གཟིགས་སྐོར་ཚོགས་པ་དེ་སྤྱི་ཟླ་༡༢ བའི་ཚེས་༦ ནས་༧ བར་བོད་ཀྱི་རྒྱལ་ས་ལྷ་ས་རུ་བསྐྱོད་ནས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་རྒྱ་ནག་གཞུང་གི་སྐུ་ཚབ་ལྷན་དུ་བགྲོ་གླེང་གནང་འཆར་ཡོད་པ་བཀོད་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས། ཉེ་དུས་རྒྱལ་སྤྱིའི་མི་དམངས་དང། ཚོགས་སྡེ་ཁག་ནང་ལོག་ནས་སེམས་ཁྲལ་ཆེ་ཤོས་དེ་ཤིན་ཅང་ནང་གི་གནས་བབས་ཛ་དྲག་ཆེ་རུ་འགྲོ་ཀྱི་ཡོད་པ་དེ་རེད། དེ་ཡང་ད་ལྟའི་ཤིན་ཅང་གི་དམར་ཤོག་དྲུང་ཆེ་ཁྲིན་ཆོན་ཀོ(Chen Quanguo)ནི་སྔར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཡིན་པ་དང་། ཤིན་ཅང་ནང་ལོག་ལ་ཡང་ཁོང་གི་སྲིད་བྱུས་གཉིས་སྟེ། དོགས་ཟོན་ཉམས་ཞིབ་དང་གྲོང་ཚོ་བཅའ་སྡོད་ལས་དོན་རུ་ཁག་གཉིས་ལམ་ལྷོང་བྱུང་ཡོད་པ་འདི་ནི། སྔར་བོད་ནང་ལོག་ལ་ལག་བསྟར་བྱས་ཡོད་པ་རེད། ད་ཐེངས་ལྕམ་(Barbel Kofler)མཆོག་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བོད་དུ་ཕེབས་ཀྱི་ཡོད་པར་རེ་བ་ཆེན་པོ་ཡོད་པ་ནི། ཁོང་བོད་དང་རྒྱ་གཉིས་ཀའི་ཕྱོགས་སུ་མ་ལྷུང་བར་འཇར་མན་གྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ཡིན་པའི་ཆ་ནས་བོད་ནང་གི་དངོས་ཡོད་གནས་སྟངས་རྒྱལ་སྤྱིའི་ནང་གསལ་བཤད་བྱེད་དགོས་ངེས་རེད་ཅེས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།

གསར་འགོད་པ་རིག་འཛིན་ཆོས་སྒྲོན་དང་། བློ་བཟང་དགེ་ལེགས།

མཆན། (0)
Share
དྲ་གནས་ཆ་ཚང༌།