རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་བའི་སྲིད་ཇུས་ཐད་འཇར་མན་གྲོས་ཚོགས་ཀྱིས་སྐྱོན་བརྗོད།

2021-05-20
Share
རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་བའི་སྲིད་ཇུས་ཐད་འཇར་མན་གྲོས་ཚོགས་ཀྱིས་སྐྱོན་བརྗོད། འཇར་མན་གྲོས་ཚོགས་ནང་། ༥།༡༩།༢༡
AFP

རྒྱ་ནག་གཞུང་གིས་མི་ལོ་བདུན་ཅུའི་གོང་བོད་བཙན་བཟུང་དང་ད་ལྟ་དྲག་གནོན་བྱེད་བཞིན་པའི་སྲིད་ཇུས་ཐད་འཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་ཆེད་དུ་བསྒྲགས་གཏམ་སྤེལ་བའི་ནང་སྐྱོན་བརྗོད་བྱས་འདུག
དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཇར་མན་གྱི་གྲོང་ཁྱེར་བྷར་ལན་(Berlin)་ནས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་ ༥ ཚེས་༡༩ ཉིན་འཇར་མན་(German)་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་བསྒྲགས་གཏམ་སྤེལ་བ་དེའི་ནང་། རྒྱ་ནག་གཞུང་གིས་བོད་ཐོག་གདུག་རྩུབ་ཅན་གྱི་སྲིད་ཇུས་ལག་བསྟར་གྱིས། ལོ་ངོ་༧༠འི་གོང་། བོད་རང་དབང་རང་བཙན་ཡིན་པའི་རྒྱལ་ཁབ་ནང་དྲག་པོའི་བཙན་འཛུལ་དང་། དེ་ནས་བཙན་བཟུང་བྱས་པར་སྐྱོན་བརྗོད་བྱས་ཐོག རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་གྱི་སྲིད་ཇུས་མཚམས་འཇོག་དགོས་པ་མ་ཟད། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྐུ་ཚབ་ལྷན་དུ་གྲོས་མོལ་གནང་དགོས་པའི་འབོད་སྐུལ་གནང་འདུག བསྒྲགས་གཏམ་དེར་འཇར་མན་གཞུང་འཛིན་དང་། ཕྱོགས་འགལ་ཚོགས་པ། དེ་བཞིན་ལྗང་ཁུ་ཚོགས་པ་སོགས་ཀྱི་གྲོས་ཚོགས་འཐུས་མི་ཚོས་རྒྱབ་སྐྱོར་གནང་འདུག་ལ། དེ་ནི་དེ་སྔ་ཕྱི་ལོ་༡༩༥༡་ལོའི་ཟླ་༥་ཚེས་༢༣་ཉིན་རྒྱ་གཞུང་གིས་བཙན་དབང་གི་འོག་ནས་བོད་མིར་གྲོས་མཐུན་དོན་ཚན་༡༧་ཟེར་བར་བཞག་བཅུག་པའི་དུས་དྲན་ཉིན་མོ་སླེབས་ལ་ཉེ་བའི་སྔོན་ལ་སྤེལ་བ་ཞིག་ཡིན་པ་རེད།
བསྒྲགས་གཏམ་དེར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དགའ་བསུ་ཞུས་པ་དང་འབྲེལ། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བཏོན་གནང་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་རྒྱའི་དཀའ་རྙོག་སེལ་དགོས་པ་ནན་བརྗོད་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཇར་མན་འགན་འཛིན་ཀཡེ་མུ་ལར་ལགས་ཀྱིས། འཇར་མན་གྲོས་ཚོགས་ཀྱི་ནང་དུ་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ཙམ་མིན་པར། མ་འོངས་པར་ཕྱི་འབྲེལ་ལས་དོན་ཚོགས་ཆུང་སོགས་འབྲེལ་ཡོད་ཚོས་སྤྱི་བསྒྲགས་དང་། གསལ་བསྒྲགས་གང་མང་སྤེལ་བའི་རེ་བ་ཡོད། རྒྱ་ནག་གཞུང་གིས་བོད་ནང་འཛིན་བཞིན་པའི་ཚུལ་མིན་སྲིད་བྱུས་ཐད་ཆབ་སྲིད་ཚོགས་པ་སྣ་ཚོགས་ཀྱིས་སྐྱོན་བརྗོད་གནང་བཞིན་པ་ནི་གནད་འགག་ཅིག་རེད་ཅེས་གསུངས་བྱུང་།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།