གསེར་གྱི་རྟ་མཆོག་གི་གློག་བརྙན་མཛད་སྒོའི་ཐོག་ཐེ་ཝན་རང་བཙན་གླེང་འདུག

2018-11-19
གློག་འཕྲིན།
མཆན།
Share
པར་བཀོད།
གློག་བརྙན་བཟོ་བསྐྲུན་པ་(Fu Yue)གསེར་གྱི་རྟ་མཆོག་གི་གློག་བརྙན་མཛད་སྒོའི་ཐོག 2018/11/17
གློག་བརྙན་བཟོ་བསྐྲུན་པ་(Fu Yue)གསེར་གྱི་རྟ་མཆོག་གི་གློག་བརྙན་མཛད་སྒོའི་ཐོག 2018/11/17
AP

གསེར་གྱི་རྟ་མཆོག་གི་གློག་བརྙན་མཛད་སྒོའི་ཐོག་ཐེ་ཝན་རང་བཙན་སྐོར་གླེང་བར་རྒྱ་ནག་ནང་ཁུལ་ནས་སྐྱོན་བརྗོད་བྱས་འདུག
གློག་བརྙན་བཟོ་བསྐྲུན་བྱ་དགའ་ཐོབ་མཁན་ཞིག་གིས་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་ཡོད་པའི་གཏམ་བཤད་སྤེལ་པར་རྒྱ་ནག་ནང་ཁུལ་ནས་སྐྱོན་བརྗོད་འདྲ་མིན་བྱས་མིན་ལ་མ་ལྟོས་པར་ཐེ་ཝན་སྲིད་འཛིན་གྱིས་ཁོང་མོར་རྒྱབ་སྐྱོར་ཡོད་པའི་རྣམ་པ་བསྟན་འདུག  
དེ་ཡང་གློག་བརྙན་བཟོ་བསྐྲུན་པ་(Fu Yue) གྱིས་གཟའ་སྤེན་པའི་ཉིན། ཐེ་ཝན་གྱི་རྒྱལ་ས་ཐེ་པེ་རུ་གྲགས་ཆེ་བའི་གསེར་གྱི་རྟ་མཆོག་ཞེས་པའི་གློག་བརྙན་བྱ་དགའི་མཛད་སྒོའི་ཐོག་ཁོང་མོས་བཟོ་བསྐྲུན་གནང་བའི་གློག་བརྙན། ཐེ་ཝན་ནང་གི་ང་ཚོའི་གཞོན་ནུ། ཞེས་པའི་དངོས་བྱུང་གློག་བརྙན་ཆེས་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་བརྟེན་ཁོང་མོས་བྱ་དགའ་དང་ལེན་གནང་བའི་སྐབས། ངའི་རེ་བ་ཆེ་ཤོས་ནི་ང་ཚོའི་རྒྱལ་ཁབ་ཀྱི་རང་བཙན་གྱི་ངོ་བོ་བརྩི་མཐོང་གནང་དགོས་པ་དེ་ཡིན་ཞེས་གཏམ་བཤད་སྤེལ་ཡོད་པ་རེད། (Fu)ཡིས་གཏམ་བཤད་དེ་སྤེལ་ཟིན་རྗེས་རྒྱ་ནག་གི་ཆེས་དར་ཁྱབ་ཆེ་བའི་སྤྱི་ཚོགས་དྲ་ལམ་(Weibo) སོགས་ཀྱི་ཐོག་ཁོང་མོའི་སྐོར་ཤུགས་ཆེན་གླེང་སློང་གིས་སྐྱོན་བརྗོད་ཀྱི་གཏམ་བཤད་འདྲ་མིན་སྤེལ་ཡོད་པ་རེད།
ཐེ་ཝན་གྱི་སྲིད་འཛིན་(Tsai Ing-wen) གིས་སྤྱི་ཚོགས་དྲ་ལམ་ངོ་དེབ་ཐོག་གཟའ་ཉི་མའི་ཉིན་འདིའི་སྐོར་འཕྲིན་ཐུང་ཞིག་བྲིས་པའི་ནང་། ང་ཚོས་ནམ་ཡང་རྒྱ་ནག་ཐེ་ཝན་ཞེས་པའི་ཐ་སྙད་ལ་ངོས་ལེན་ཞུས་མེད་ལ། ཐེ་ཝན་ནི་ཐེ་ཝན་ཡིན་ཞེས་བརྗོད་ཡོད་པ་རེད། ཡང་ཁོང་མོས་མུ་མཐུད་དུ་ཐེ་པེ་ནང་གི་ལོ་ལྟར་གསེར་གྱི་རྟ་མཆོག་གློག་བརྙན་བྱ་དགའ་མཛད་སྒོ་དེ་བཞིན་ཐེ་ཝན་རྒྱ་ནག་དང་མ་འདྲ་བ་རང་དབང་ཡིན་པ་ནན་ཏུ་བརྗོད་ཡོད་ཅེས་བཀོད་པའི་ནང་། ཐེ་ཝན་ནང་སོ་སོའི་ལྟ་ཚུལ་བརྗོད་པར་བརྟེན་གར་སོང་ཆ་མེད་དུ་སོང་བ་དང་ཡང་ན་སྨྲ་བརྗོད་བཀག་སྡོམ་བྱས་པའི་མི་དེ་འདྲ་མེད་ལ། མ་ཟད་ང་ཚོའི་འདིར་དྲ་རྒྱའི་ཐོག་དམ་དྲག་བཀག་སྡོམ་བྱེད་བཞིན་པའི་ཚོར་བ་རྣོ་པོའི་ཐ་སྙད་འདི་འདྲ་ཀྱང་མེད་ཅེས་བཀོད་ཡོད་པ་རེད།

གསར་འགོད་པ་གུ་རུ་ཆོས་སྐྱིད།

མཆན། (0)
Share
དྲ་གནས་ཆ་ཚང༌།