མནར་གཅོད་བཏང་བ་དང་སྨན་ལོག་སྤྲད་ནས་གསད་རྩིས་བྱས་སོང་ཟེར།

2014-05-28
གློག་འཕྲིན།
མཆན།
Share
པར་བཀོད།
མགོ་ལོག་འཇིགས་མེད་ཀྱིས་རྡ་སར་གསར་འགོད་གསལ་བསྒྲགས་སྤེལ་བཞིན་པ། ༢༠༡༤།༥།༢༨
མགོ་ལོག་འཇིགས་མེད་ཀྱིས་རྡ་སར་གསར་འགོད་གསལ་བསྒྲགས་སྤེལ་བཞིན་པ། ༢༠༡༤།༥།༢༨
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་དོན་ཡོད།

མགོ་ལོག་འཇིགས་མེད་ལ་རྒྱ་ནག་གིས་སྔ་ཕྱིར་མནར་གཅོད་བཏང་བ་དང་གསད་རྩིས་བྱས་པར་བརྟེན་བྲོས་བྱོལ་ལ་ཡོང་བ་ཡིན་པའི་གསལ་བསྒྲགས་བྱས་འདུག
དེ་ཡང་ཟླ་བ་འདིའི་སྤྱི་ཚེས་༢༨ཉིན་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་། སུས་སིར་ཡོད་པའི་བོད་ཀྱི་གློག་བརྙན་གཉིས་ཀྱི་གོ་སྒྲིག་འོག་ཉེ་ཆར་བྲོས་བྱོལ་དུ་འབྱོར་བའི་མགོ་ལོག་འཇིགས་མེད་ལགས་ཀྱིས་ ཁོང་བཙན་བྱོལ་དུ་ཡོང་དགོས་དོན་དང་། བོད་ནང་དུ་ཆབ་སྲིད་ལས་འགུལ་སྤེལ་བའི་བརྒྱུད་རིམ། རྒྱ་ནག་གཞུང་གིས་བཀག་ཉར་འོག་མནར་གཅོད་བཏང་བའི་བརྒྱུད་རིམ་སོགས་ཀྱི་སྐོར་གསར་འགོད་ལྷན་ཚོགས་ཞིག་སྐོང་ཚོགས་གནང་ཡོད་པ་རེད།
གསར་འགོད་ལྷན་ཚོགས་དེའི་ཐོག་མགོ་ལོག་འཇིགས་མེད་ལགས་ཀྱིས་ཕྱི་ལོ་༢༠༠༨་ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ཀྱི་དངོས་ཡོད་གནས་ཚུལ་དང་། བོད་ནང་གི་བོད་མིའི་སེམས་ཁོངས་སུ་ཇི་ཡོད་ཕྱི་ནང་མང་ཚོགས་ཀྱིས་ཤེས་རྟོགས་འབྱུང་ཆེད་དོན་གྲུབ་དབང་ཆེན་ལགས་དང་། ཁོང་གཉིས་ཀྱིས་བོད་ནང་གི་བོད་མི་ཚོར་བཅར་འདྲི་བྱས་པའི་འཇིགས་བྲལ་ཞེས་པའི་དངོས་བྱུང་གློག་བརྙན་བཟོ་བསྐྲུན་བྱས་པའི་རྒྱབ་ལྗོངས་ངོ་སྤྲོད་དང་སྦྲགས་ཁོང་དང་འཐབ་གྲོགས་པ་ཚོས་སྒེར་གྱི་ངོས་ནས་རྒྱ་ནག་གཞུང་ལ་དངོས་ཤུགས་བརྒྱུད་གསུམ་གྱིས་ངོ་རྒོལ་གྱི་ལས་འགུལ་གང་མང་སྤེལ་ཡོད་པ་དང་། ལྷག་པར་དུ་གོང་གསལ་གསར་འགོད་ལྷན་ཚོགས་དེའི་སྐབས་མགོ་ལོག་འཇིགས་མེད་ལགས་ཀྱིས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་མི་ཚོར་མ་ཉེས་ཁག་གཡོགས་དང་། དམར་གསོད། དྲག་གནོན། གཅར་རྡུང་། བཙོན་འཇུག མཐོང་ཆུང་། མགོ་སྐོར་བསླུ་བྲིད་སྣ་ཚོགས་ཀྱིས་བོད་མི་རིགས་རྩ་མེད་གཏོང་བཞིན་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཞུ་མི་ཆོག་པ་གཙོ་བོར་གྱུར་བའི་བོད་ཀྱི་ཆོས་དད་རིག་གཞུང་སྐད་ཡིག་བཅས་པར་རྩ་མེད་གཏོང་བའི་སྲིས་ཇུས་ལག་བསྟར་བྱེད་བཞིན་པའི་ད་ལྟའི་གནས་སྟངས་འོག་བོད་ནང་གི་བོད་མི་རྣམས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཕེབས་རྒྱུར་རེ་སྒུག་བྱས་ཏེ། ཉིན་འཁྱོལ་ཡང་མཚན་མི་འཁྱོལ་བའི་གནས་སྟངས་ཛ་དྲག་ངང་གནས་ཡོད་པ་བཅས་གསལ་འདོན་གནང་བ་དང་། ཁོ་རང་རྒྱ་ནག་གིས་སྔ་ཕྱིར་མནར་གཅོད་བཏང་བ་དང་སྨན་ལོག་གིས་གསད་རྩིས་བྱས་པར་བརྟེན་བཀག་ཉར་ཁང་ནས་བྲོས་བྱོལ་གྱིས་ཟླ་བ་ཉི་ཤུ་ལྷག་རིང་རི་སྒང་སོགས་སུ་ཉེན་ཡོལ་བྱས་བ་དང་། སྐབས་དེའི་རིང་ཀན་སུའུ་ཞིང་ཆེན་དང་། ཟི་ཁྲོན་ཞིང་ཆེན་གང་རུང་གི་ཉེན་རྟོག་ཁང་ཞིག་གི་སྒོ་འགྲམ་ལ་ཕྱིན་ནས་རང་ལུས་མེ་མཆོད་ཀྱིས་ཁོང་ཚོར་སླར་ཡང་ངོ་རྒོལ་བྱེད་དགོས་མིན་འགྲོ་སྙམ་པ་བྱུང་ལ་རིམ་པས་མཐར་རྒྱ་གར་དུ་བྲོས་བྱོལ་ལ་ཡོང་ཐབས་བྱས་བ་ཡིན་པའི་གསལ་བསྒྲགས་བྱས་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།