རྒྱ་ནག་སྤྱི་བདེ་ཚན་པས་མང་ཚོགས་ལ་དམག་སྦྱོང་དང་གཅར་རྡུང་།


2014.05.19
རྒྱ་ནག་གིས་མགོ་ལོག་པདྨ་ཕྱོགས་ཀྱི་མང་ཚོགས་ལ་དམག་སྦྱོང་སྤྲོད་བཞིན་པའི་རྣམ་པ། ༢༠༡༤།༥ རྒྱ་ནག་གིས་མགོ་ལོག་པདྨ་ཕྱོགས་ཀྱི་མང་ཚོགས་ལ་དམག་སྦྱོང་སྤྲོད་བཞིན་པའི་རྣམ་པ། ༢༠༡༤།༥
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། བོད་འབྱོར།

མགོ་ལོག་པདྨ་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་ས་གནས་བོད་མི་ཁག་གཅིག་ལ་དམག་སྦྱོང་བྱེད་བཅུག་པ་དང་མཉམ་གཅར་རྡུང་སྣ་ཚོགས་བྱེད་བཞིན་ཡོད་འདུག
བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། ཟླ་བ་༥་བའི་ཚེས་༡༠ཙམ་ནས་མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་མདོ་སྨད་མགོ་ལོག་ཁུལ་པདྨ་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་རྫོང་དེའི་ཞང་སོ་སོ་ནས་དགེ་འདུན་པ་དང་། མི་སྐྱ་བཅོ་ལྔ་ཙམ་འབོད་འགུག་གིས་དེ་དག་གིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་དང་། དམག་མིར་གང་བྱུང་པར་རྒྱབ་པ། བོད་ཀྱི་ཆབ་སྲིད་དང་འབྲེལ་བའི་སྐད་ཆ་བཤད་ཀྱིན་ཡོད་ཚུལ་སོགས་ཀྱི་ཉེས་མིང་བཏགས་ཏེ། མི་སྣ་བཅོ་ལྔ་དེར་ཆེད་དུ་ཟབ་སྦྱོང་འཛིན་གྲྭ་བཙུགས་ནས་ཉི་མ་རེ་རེར་དམག་སྦྱོང་བྱེད་དུ་འཇུག་གི་ཡོད་པ་དང་། གལ་སྲིད་དམག་སྦྱོང་བྱེད་མ་ཤེས་ཚེ་ཉེན་རྟོག་པས་གློག་དབྱུག་གིས་རྒྱག་པ་དང་། གློག་སྡོང་ཐོག་བཏགས་ནས་གཅར་རྡུང་བྱེད་པ་སོགས་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་སྣ་ཚོགས་བྱེད་བཞིན་ཡོད་པ་བརྗོད་བྱུང་། ཡང་གནས་ཚུལ་ལྟར་ན། དགེ་འདུན་པ་དང་མི་སྐྱ་དེ་དག་ཁ་ཤས་ནི་དེ་སྔོན་རྒྱ་གར་ནས་ཕྱིར་ལོག་པ་དང་། ཡང་ཁ་ཤས་ཀྱིས་བོད་ཀྱི་ལ་རྒྱའི་སྐོར་ལ་རྩོམ་ཡིག་རེ་གཉིས་བྲིས་བ། ཁ་ཤས་ཀྱིས་མི་རིགས་ཀྱི་ལ་རྒྱའི་སྐོར་གྱི་སྐད་ཆ་བཤད་པ་སོགས་ཀྱི་སྐྱོན་འཛུགས་བྱས་ནས་་ཟབ་སྦྱོང་འཛིན་གྲྭ་དེ་ཆེད་དུ་བཙུགས་ཏེ་འབོད་འགུག་བྱས་བ་རེད་ཟེར། དེ་དག་ཁྲོད་དགེ་འདུན་པ་ཞིག་གིས་དེ་སྔོན་པདྨ་རྫོང་གི་བོད་མི་ཞིག་རང་ལུས་མེར་བསྲེག་གཏོང་ས་ནས་ཁ་པར་ཞིག་རྙེད་པ་དེ་ཕྱིར་ནང་མིར་རྩིས་སྤྲོད་བྱས་ཚུལ་གྱི་ནག་ཉེས་འཛུགས་ཀྱི་ཡོད་པ་དང་། ཡང་སེར་སྐྱ་དེ་དག་ཁྲོད་མིང་ལ་ཆོས་སྐྱབས་ཞེས་པ་ཞིག་ཡོད་པ་དེ་སྔོན་མ་བཙོན་དུ་བཅུག་ནས་གློད་གྲོལ་ཐོབ་པ་ཞིག་ཡིན་པ་ལས་། གཞན་པ་ཚོའི་མིང་གསལ་པོ་ཤེས་རྟོགས་བྱེད་ཐུབ་མེད་ལ། ཐེངས་འདིའི་ཉིན་བཅུའི་རིང་གི་དམག་སྦྱོང་དེ་མཇུག་སྒྲིལ་རྗེས་། ཐེངས་གཉིས་པ་དེ་ཟླ་བ་གཅིག་རིང་འཚོགས་རྒྱུ་ཡིན་ཚུལ་བརྗོད་བཞིན་འདུག་ཟེར།
ས་གནས་མང་ཚོགས་ཀྱིས་བརྗོད་ན། པདྨ་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་སྒྲུབ་པའི་ཟབ་སྦྱོང་འཛིན་གྲྭ་ཞེས་པ་དེ་ནི་མགོ་ལོག་ཁུལ་དང་ཡང་ན་ཞིང་ཆེན་རིམ་པ་ནས་རྩ་འཛུགས་བྱས་བ་ཞིག་མ་ཡིན་པར་པདྨ་རྫོང་སྤྱི་བདེ་ལས་ཁུངས་རང་ངོས་ནས་སྒྲུབ་པ་ཞིག་ཡིན་ཞིང་། པདྨ་རྫོང་སྤྱི་བདེ་ལས་ཁུངས་ཀྱི་མགོ་ཁྲིད་ལཱ་༼ལཱ་ཅུའུ་ཀྲང་༽ཟེར་བའི་མི་དེ་ནི་མགོ་ལོག་ར་རྒྱ་གྲོང་བརྡལ་སྤྱི་བདེ་ལས་ཁུངས་ནས་གནས་སྤོར་བྱས་ཏེ་ཡོང་བ་ཞིག་ཡིན་པ་དང་། ཁོས་དེ་སྔོན་ར་རྒྱ་དགོན་པའི་དགེ་འདུན་པ་འཛིན་བཟུང་དང་། དགེ་འདུན་པ་ཞིག་ཆུར་ལྕེབས་སུ་བཅུག་པ་སོགས་བོད་མིའི་ཐོག་དྲག་གནོན་ཤུགས་ཆེན་བྱེད་མཁན་ཞིག་ཡིན་པས། མང་ཚོགས་ནས་ཁོ་ལ་མི་དགའ་བའི་རྣམ་འགྱུར་ཆེན་པོ་སྟོན་བཞིན་ཡོད་པ་རེད་འདུག

གསར་འགོད་པ་ལྕགས་མོ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎