མགོན་པོ་སྐྱིད་ལགས་ཀྱིས་མུ་མཐུད་དུ་ཞུ་འབོད་ལས་འགུལ་སྤེལ་སྐབས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་གིས་གཅར་རྡུང་བྱས་འདུག

2024.04.22
མགོན་པོ་སྐྱིད་ལགས་ཀྱིས་མུ་མཐུད་དུ་ཞུ་འབོད་ལས་འགུལ་སྤེལ་སྐབས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་གིས་གཅར་རྡུང་བྱས་འདུག མགོན་པོ་སྐྱིད་ལགས་ནས་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་མང་ཁྲིམས་ཁང་མདུན་དུ་ཞི་རྒོལ་བྱེད་བཞིན་པའི་སྐབས། ༢༠༢༤།༠༢།༢༠ ཉིན།
མི་སེར་གསར་འགོད་པ།

ཕྱི་ལོ་༢༠༢༤ལོའི་ཕྱི་ཟླ་༤ཚེས་༢༠ཉིན། རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་བོད་མོ་འབྱོར་ལྡན་པ་ཚོང་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་མུ་མཐུད་དུ་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་མང་ཁྲིམས་ཁང་ཟེར་བའི་མདུན་དུ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་བཙོན་འཇུག་ཁྲིམས་ཆད་ལ་བསྐྱར་ཞིབ་ཆེད་ཞུ་འབོད་ལས་འགུལ་སྤེལ་ཡོད་པ་དང་། སྐབས་དེར་ལྷ་ས་གྲོང་ཁྱེར་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་ཀྱིས་ཉེན་རྟོག་ཁང་དུ་བཀག་ཉར་དང་ཁོང་མོར་གཅར་རྡུང་ཤུགས་ཆེན་བྱས་ཡོད་པ་མ་ཟད། དེ་སྔ་ཁོང་མོས་ཞུ་འབོད་ལས་འགུལ་རབ་དང་རིམ་པར་སྤེལ་བའི་གནས་ཚུལ་བརྙན་དང་བཅས་བོད་ཕྱི་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ནང་ཐོན་པར་བརྟེན། ཞུ་འབོད་གནས་ཚུལ་བརྙན་དང་པར་སོགས་ལེན་མི་ཆོག་པ་དང་ཕྱི་ཕྱོགས་སུ་བཏང་མི་ཆོག་སྐོར་བརྗོད་ནས་ཉེན་རྟོག་པས་ཁ་པར་བཙན་འཕྲོག་གིས་ཁ་པར་ནང་སྔོག་བཤེར་གྱིས་བརྙན་སོགས་བསུབ་ཡོད་པ་རེད། མགོན་པོ་སྐྱིད་ལགས་ཉེན་རྟོག་ཁང་དུ་བཀག་ཉར་གཅར་རྡུང་རྗེས་ཀློད་གྲོལ་བཏང་ཡོད་ན་ཡང་། གཅར་བརྡུང་བཏང་བའི་གནས་སྟངས་ཅུང་ཛ་དྲག་ཡིན་སྐོར་བོད་ཕྱི་ནང་གཉིས་ཀྱི་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གནས་ཚུལ་ངོ་སྤྲོད་པས་མགོན་པོ་སྐྱིད་ལགས་ཀྱི་ཞུ་འབོད་སྐབས་ཀྱི་བརྙན་ཞིག་འདི་གར་མཁོ་སྤྲོད་གནང་བའི་ནང་། ཉེན་རྟོག་པས་ཁོ་མོར་གཅར་རྡུང་སྐབས་ཁ་པར་བཙན་འཕྲོག་གིས་ས་ལ་བརྡབ་ནས་ཁ་པར་གྱི་འཆར་ངོས་བཅག་ཡོད་པ་སོགས་གསལ་བོ་མཐོང་ཐུབ། ཡང་བརྙན་གཞན་ཞིག་ཏུ་མགོན་པོ་སྐྱིད་ལགས་ནས་ཁོ་ཚོས་རྒྱ་ནག་གི་ཁྲིམས་ལྟར་རྡོ་རྡེ་བཀྲ་ཤིས་ལགས་སུ་ནག་ཉེས་མེད་པའི་གསལ་འདོན་དགོས་པ་བཤད་ན་ཡང་། ཉེན་རྟོག་པ་ཚོས་ཁོ་མོ་འཛིན་བཟུང་དང་གཅར་རྡུང་སོགས་བྱས་སྐོར་བརྗོད་འདུག
ཉེ་སྔོན་ཕྱི་ཟླ་༣ཚེས་༢༦ཉིན་མགོན་པོ་སྐྱིད་ལགས་ནས་ཞུ་འབོད་ལས་འགུལ་དང་འབྲེལ། སྔར་ལོའི་ཕྱི་ཟླ་༡༢བའི་ནང་མགོན་པོ་སྐྱིད་ལགས་དང་། ཁོ་མོའི་བཟའ་ཟླ་ཆོས་སྐྱོང་ལགས་གཉིས་ཉེན་རྟོག་པས་འཛིན་བཟུང་དང་ཁྲིམས་དང་མི་མཐུན་པ་དང་ཚུལ་མིན་གྱི་གཅར་རྡུང་དང་བྱེད་སྤྱོད་སྤེལ་ཡོད་སྟབས། མགོན་པོ་སྐྱིད་དང་ནང་མི་གཉིས་ནས་ཁྲིན་ཀོན་ཆུས་མི་མང་ཁྲིམས་ཁང་ལ་སྤྱི་མང་གི་ཐོབ་ཐང་དང་ཉེས་མེད་བཀག་ཉར་དང་བཅར་རྡུང་གི་མིང་ཐོག་ནས། ཁྲིན་ཀོན་ཆུས་ཡན་ལག་ཉེན་རྟོག་སྡེ་ཚན་ཁྲིམས་གཏུག་བྱས་ཡོད་པ་རེད་ལ། འབྲེལ་ཡོད་གཞན་དེས་ད་ལྟའི་ཆར་ཁྲིམས་གཏུག་གི་གནས་ཚུལ་ཐད་གསལ་ཁ་གང་ཡང་མེད་པ་དང་། མ་འོངས་པར་ཡ་ལན་བྱ་རྒྱུའི་རེ་བ་མེད་སྐོར་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གཞུང་གིས་རྡོ་རྗེ་བཀྲ་ཤིས་ལགས་སུ་ཕྱི་ལོ་༢༠༠༨ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་བོད་མི་ཞི་རྒོལ་བ་ཚོར་རྒྱབ་སྐྱོར་བྱས་ལུགས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མ་དངུལ་གྱི་ཞལ་འདེབས་སྤྲད་ལུགས་བརྗོད་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་དེ་ལོ་ངོ་༡༥འགྲོ་བཞིན་ཡོད་པ་དང་། ཁོང་གི་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་དང་གཅེན་མོ་མགོན་པོ་སྐྱིད་དང་། དེ་བཞིན་གཅེན་མོའི་བཟའ་ཟླ་ཆོས་སྐྱོང་ལགས་གསུམ་གྱིས་ཐེངས་མང་ལ་ཡོངས་གྲགས་ངང་ཁོང་གློད་གྲོལ་དགོས་པའི་ཞུ་གཏུག་ངོ་རྒོལ་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད་པ་རེད་ལ། རྒྱ་ནག་གཞུང་གིས་རྡོ་རྗེ་ཚེ་བརྟན་ཡང་འཛིན་བཟུང་གིས་མི་ལོ་༦བཙོན་འཇུག་ཁྲིམས་ཐག་བཅད་མྱོང་བ་དང་། མགོན་པོ་སྐྱིད་ཀྱང་སྔ་རྗེས་སུ་ཐེངས་མང་འཛིན་བཟུང་དང་འདྲི་རྩད་གཅར་རྡུང་བྱས་མྱོང་ཡོད་པ་རེད།


གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་སྲིད་འཛིན་ཕོ་བྲང་དཀར་པོའི་ངོས་ནས་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎