མགོན་པོའི་བོད་ཀྱི་ལོ་རྒྱུས་དཔེ་མཛོད་ཁང་།

2023.12.30
མགོན་པོའི་བོད་ཀྱི་ལོ་རྒྱུས་དཔེ་མཛོད་ཁང་། མགོན་པོའི་བོད་ཀྱི་ལོ་རྒྱུས་དཔེ་མཛོད་ཁང་།
Photo: RFA

བཞུགས་སྒར་རྡ་རམ་ས་ལ་ནི་བོད་མི་དང་རྒྱ་གར་ཙམ་མིན་པར་ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ནས་ཡུལ་སྐོར་སྤྲོ་འཆམ་ཡོང་སའི་ལྟེ་གནས་ཤིག་ཀྱང་ཡིན་ནའང་། མི་མང་རང་བཞིན་གྱི་དཔེ་མཛོད་ཁང་(Public Library) ནི་ཧ་ལམ་མེད་པ་ལྟ་བུ་ཡིན་པར་བརྟེན་བོད་མི་ན་གཞོན་མགོན་པོ་དོན་འགྲུབ་ལགས་ཀྱིས་རྐང་འགན་བཞེས་ཏེ་ཁུལ་འདིར་མགོན་པོའི་བོད་ཀྱི་ལོ་རྒྱུས་དཔེ་མཛོད་ཁང་ཞེས་པ་ཞིག་གསར་འཛུགས་ཀྱིས་གཙོ་བོ་དུས་རབས་རིམ་བྱུང་གི་བོད་ཀྱི་ལོ་རྒྱུས་རྐྱང་པའི་དཔེ་ཆ་དང་། དེ་བཞིན་མི་རིགས་གཞན་གྱིས་བྲིས་པའི་བོད་དང་འབྲེལ་བའི་ལོ་རྒྱུས་དཔེ་ཆ་དང་ཡིག་ཆ་སོགས་མཁོ་སྒྲུབ་གསོག་ཉར་གྱིས་དུས་རབས་དང་མཐུན་པར་ལྟ་ཀློག་དང་འཆད་ཉན་བྱ་ཡུལ་ཞིག་བསྐྲུན་རྒྱུའི་དམིགས་ཡུལ་སྐོར་མགོན་པོ་ལགས་ཀྱིས་ང་ཚོ་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

སྒེར་གཉེར་ལོ་རྒྱུས་དཔེ་མཛོད་ཁང་འདི་ནི་བཞུགས་སྒར་དགེ་ལྡན་ཆོས་གླིང་བཙུན་དགོན་དང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཉེ་འཁྲིས་སུ་ཆགས་ཡོད་པ་དང་། དཔེ་མཛོད་ཁང་འདིའི་ནང་ད་ལྟའི་འཆར་དཔེ་དེབ་མི་འདྲ་བ་གྲངས་༧༤༠༠ ལྷག་ཡོད་པ་མགོན་པོ་ལགས་ཀྱིས་གསུངས་བྱུང་། དབྱིན་སྐད་གཙོ་བོར་གྱུར་བའི་སྐད་ཡིག་མི་འདྲ་བ་༢༣ ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་གསུང་རྩོམ་གྱི་དཔེ་དེབ་གྲངས་༡༨༠༠ ལྷག་ཡོད་པ་དེ་དག་བཞུགས་སྒར་ཁུལ་གྱི་མི་མང་ཚང་མས་གཡར་པོ་ཞུ་ཆོག་གི་འདུག

Pic3.jpg

དེ་ཡང་ཁ་རྒྱུན་དུ། དཔེ་ཀློག་ནི་མི་རིགས་ཡར་ཐོན་གྱི་སྐས་འཛེགས་ལྟ་བུ་ཡིན་ཟེར་བ་བཞིན་མི་རིགས་ཤིག་གི་འོད་སྟོང་ལྡན་པའི་མདུན་ལམ་དང་ཡང་འབྲེལ་བ་ཆེན་པོ་ཆགས་ཡོད་པ་མ་ཟད། སོ་སོ་སྒེར་གྱི་རྣམ་དཔྱོད་དང་བློ་གྲོས་གོང་འཕེལ་ལ་ཡང་ཧ་ཅང་གི་ཕན་ཐོགས་ཡོད་ཅིང་། སྒེར་གཉེར་ལོ་རྒྱུས་དཔེ་མཛོད་ཁང་འདིའི་དམིགས་ཡུལ་ནི་བོད་རིགས་དང་འབྲེལ་ཆེ་བའི་ལོ་རྒྱུས་སྤྱི་དང་ལྷག་དོན་བོད་ཀྱི་ལོ་རྒྱུས་རིག་པ་དང་། གཞུང་ལུགས་སོགས་མི་ཉམས་རྒྱུན་འཛིན་དང་། ཉམས་པ་སླར་གསོའི་ཞབས་འདེབས་འགྲུབ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་སྒེར་གཉེར་ལོ་རྒྱུས་དཔེ་མཛོད་ཁང་དེ་ཉིད་གསར་འཛུགས་གནང་མཁན་མགོན་པོ་དོན་འགྲུབ་ལགས་ནི། སྤྱི་ལོ་༢༠༠༡ ལོར་བོད་ནས་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་རྗེས་མ་སུ་རི་བོད་ཁྱིམ་སློབ་གྲྭར་བཞུགས་ཏེ་སློབ་གྲ་་མཐར་སོན་འདུག དེ་ནས་ས་རཱ་མཐོ་སློབ་ཏུ་ལོ་རྒྱུས་རིག་པར་གཙུག་ལག་རབ་འབྱམས་པའི་བསླབ་པ་ཐར་སོན་པ་དང་། སླར་ཡང་Banaras ཧིན་རྡུ་གཙུག་ལག་སློབ་གཉེར་ཁང་དུ་དེང་རབས་རྒྱ་གར་གྱི་ལོ་རྒྱུས་དང་འཛམ་གླིང་ལོ་རྒྱུས་ཐོག་གཙུག་ལག་རབ་འབྱམས་པའི་བསླབ་པ་ཐར་སོན་འདུག་པ་མ་ཟད། བོད་ཁྱིམ་སློབ་གྲྭའི་མཐོ་རིམ་ལོ་རྒྱུས་རིག་པའི་དགེ་རྒན་གྱི་ཕྱག་ལས་ཀྱང་གནང་མྱོང་ཡོད་འདུག ཁོང་གིས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་དཔེ་མཛོད་ཁང་དེ་ཉིད་ཆེད་འཛུགས་ཀྱི་དམིགས་ཡུལ་སྤྱི་ལོ་༢༠༡༣ ཙམ་ནས་བཟུང་ཡོད་པ་དང་ད་ཆ་དངོས་སུ་མངོན་གྱུར་བྱུང་འདུག།

 

གསར་འགོད་པ། བློ་བཟང་དགེ་ལེགས།

རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་རྒྱ་གར་གྱི་གཏམ་བརྗོད་དང་གློག་བརྙན་འཁྲབ་སྟོན་པ་ཁག་ཅིག་ལ་མཇལ་ཁ་བསྩལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དྲུག་པ་སུད་སིར་ཉིན་གཉིས་རིང་འཚོགས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎