རྒྱ་ནག་གཞུང་གིས་ཀརྨ་དགོན་དུ་དམ་བསྒྲགས་བྱེད་བཞིན་པ།

བོད་ཀྱི་ཆབ་མདོ་རྫོང་གི་རྫ་རྒྱུད་ཀརྨ་ཤང་དུ་ཡོད་པའི་རྒྱ་ནག་སྲིད་གཞུང་གི་ལས་ཁུངས་ཐོག་འབར་རྫས་གས་གཏོར་གྱི་དོན་རྐྱེན་བྱུང་བ།

2011.10.28

༄༅༎ཕྱི་ཟླ་བཅུ་པའི་ཚེས་༢༦ རེས་གཟའ་ལྷག་པའི་ཉིན་བོད་ཀྱི་ཆབ་མདོ་རྫོང་གི་རྫ་རྒྱུད་ཀརྨ་ཤང་དུ་ཡོད་པའི་རྒྱ་ནག་སྲིད་གཞུང་གི་ལས་ཁུངས་ཐོག་འབར་རྫས་གས་གཏོར་གྱི་དོན་རྐྱེན་བྱུང་བའི་རྗེས། རྒྱ་ནག་གཞུང་གིས་ས་གནས་དེའི་ཁུལ་གྱི་འགྲིམས་འགྲུལ་ཡོངས་རྫོགས་འགྲོ་འོང་བཀག་བསྡོམས་བྱས་ཡོད་པ་རེད།
དེ་ཡང་རེས་གཟའ་ལྷག་པའི་ཐོ་རངས་ཙམ་ལ་ཤང་སྲིད་གཞུང་གིས་ལས་ཁུངས་ནང་མི་མེད་པའི་དུས་ཚོད་དང་བསྟུན་ནས་འབར་རྫས་གཏོར་རྒོལ་བཏང་བར་བརྟེན་ནས། མི་ལ་སྐྱོན་ཆག་གང་ཡང་བྱུང་མེད་ཀྱང༌། ཤང་སྲིད་གཞུང་གི་ལས་ཁང་གཏོར་ཞིག་ཏུ་ཕྱིན་ཡོད་པ་མ་ཟད། སྲིད་གཞུང་གི་གྱང་ལྡེབས་སུ་ཚོན་དམར་གྱིས་བོད་རང་བཙན་ཞེས་ཡིག་ཆེན་བྲིས་པ་དང༌། བོད་རང་བཙན་གྱི་ཡིག་གེ་བྲིས་པའི་ཡིག་ཆ་སྦྱར་བ་དང་ས་ཐོག་ཏུ་གང་སར་གཏོར་ཡོད་པ་མཐོང་རྒྱུ་ཡོད་པ་རེད།  འབར་རྫས་གས་གཏོར་བྱུང་བའི་ཉིན་དེར་ཆབ་མདོ་རྫོང་གི་ཉེན་རྟོག་པ་དང༌། དྲག་ཆས་དམག་མི་འཕོན་ཆེ་ཀརྨ་དགོན་དུ་ཡོང་སྟེ་དམ་བསྒྲགས་ཆེན་པོ་བྱས་ཡོད་ཅིང༌། ད་ལྟའི་ཆར་འབར་རྫས་གཏོར་རྒོལ་གཏོང་མཁན་དང༌། སྦྱར་ཡིག་འགྲེམས་སྤེལ་བྱེད་མཁན་སུ་ཡིན་ཤེས་རྟོག་བྱུང་མེད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་ཆབ་མདོ་རྫོང་གི་རྫ་རྒྱུད་ཀརྨ་ཤང་དུ་ཡོད་པའི་ཀརྨ་དགོན་པའི་དགེ་འདུན་རྣམས་ལ་དོགས་པ་བྱེད་བཞིན་པ་མ་ཟད། ཀརྨ་དགོན་ཡང་སྒོ་བརྒྱབ་པ་དང༌། དགོན་པའི་དགེ་འདུན་པ་རྣམས་ལ་འགྲོ་འོང་ལ་དམ་བསྒྲགས་བྱེད་བཞིན་ཡོད་པ་རེད།
བོད་ཀྱི་ཆབ་མདོ་རྫོང་གི་རྫ་རྒྱུད་ཁུལ་དེ་ནི། སྐུ་འདྲ་དང་ཆོས་ཆས་འདྲ་མིན་བཟོ་ཡུལ་གྱི་ལག་ཤེས་ཀྱི་ལྟེ་གནས་ཤིག་ཡིན་ནའང་རྒྱ་ནག་གཞུང་གིས་ད་ཆ་བཙན་དབང་གི་ཐོག་ནས་ལག་ཤེས་ཀྱི་ལས་ཀ་ཡོངས་རྫོགས་མཚམས་འཇོག་བྱེད་དུ་བཅུག་པ་དང༌། ཀརྨ་ཤང་ནས་ཆབ་མདོ་སོགས་ས་ཁུལ་ཕན་ཚུན་འགྲོ་འོང་མི་ཆོག་པའི་འགྲིམས་འགྲུལ་ཡོངས་རྫོགས་བཀག་བསྡོམས་བྱས་པ་མ་ཟད། ཀརྨ་ཤང་གི་ཉེ་ཁུལ་ས་ཁུལ་ཡོངས་རྫོགས་སུ་དམ་བསྒྲགས་ཆེན་པོར་གནས་བཞིན་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎