མིའི་གཤིས་རྒྱུད་ལ་འགྱུར་བ་གཏོང་ཐབས་ཀྱི་བཀའ་སློབ་བསྩལ་བ།
2015.09.18
༄༅། །བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེང་ སྐབས་དབྱིན་ཡུལ་དུ་མཛད་འཕྲིན་དུ་མ་བསྐྱང་བཞིན་པའི་ཐོག་ ཕྱི་ཚེས་༡༦དང་༡༧་བཅས་ཉིན་གཉིས་རིང་ Inspire Dialogue Foundation ཐེབས་རྩ་ཁང་གིས་གོ་བསྒྲིགས་འོག་ Magdalen མཐོ་སློབ་ཁང་གི་Sir Humphrey Cripps theatre ཞེས་པའི་ཚོགས་ཁང་ནང་ རྣམ་དཔྱོད་གོང་སྤེལ་དང་། མིའི་གཤིས་རྒྱུད་ལ་འགྱུར་བ་གཏོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ལམ་ སྟོན་དང་། ཕྱོགས་མཚུངས་ཐེངས་འདིའི་བགྲོ་གླེང་ནང་གདན་ཞུས་གནང་བའི་ལྕམ་Hillary Williams-Papworth ལགས་དང་ Lord Rowan Williams མཆོག་བཅས་ལྷན་ཞུགས་མཛད་དེ་བགྲོ་གླེང་མཛད་དང་མཛད་མུས་ཡིན་འདུག། བགྲོ་གླེང་གི་ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན་ དུ་ ང་ཚོ་ཚང་མ་འཛམ་གླིང་འདིའི་སྟེང་གནས་སྡོད་བྱེད་མཁན་གཅིག་མཚུངས་ཡིན། དངོས་ཡོད་གནས་ཚུལ་ཐོག་ནས་ང་ཚོ་ཚང་མ་གཅིག་ལ་གཅིག་རྟེན་གྱི་གནས་སྟངས་ཐོག་འཚོ་ བཞིན་པར་བརྟེན་གོ་ལ་གཅིག་གྱུར་ཡིན་བསམ་པའི་བསམ་བློ་གཏོང་དགོས་པ་ལས། ངའི་རྒྱལ་ཁབ་དང་ངའི་སྤྱི་ཚོགས་ཞེས་དུས་ཚོད་ཡོལ་ཟིན་པའི་སྐད་ཆ་དེ་དག་བཤད་ན་ ཕན་ཐོགས་གང་ཡང་མེད།
དུས་ཚོད་ནི་འགྲོ་བཞིན་ཡོད། ང་ཚོས་འདས་ཟིན་པའི་དུས་ཚོད་ལ་བཟོ་བཅོས་རྒྱབ་མི་ཐུབ། མ་འོངས་པ་གང་འདྲ་ཞིག་ཡོང་དང་མི་ཡོང་ཟེར་བ་དེ་ད་ལྟ་ང་རང་ཚོས་ག་རེ་བྱས་དང་མི་བྱས་ལ་རག་ལུས་ཡོད། དུས་ཚོད་འགྱུར་བ་འགྲོ་གིན་ཡོད་རུང་། ང་ཚོ་མིའི་བསམ་བློ་གཏོང་སྟངས་དེ་རྙིང་པ་རང་འཇགས་བསྡད་པ་ལ་བརྟེན་ནས་ ང་རང་ཚོ་མིས་བཟོས་པའི་དཀའ་ངལ་མང་པོ་ཞིག་ལྷག་གི་ཡོད། དཀའ་ངལ་དེ་དག་སེལ་བར་ཕྱོགས་ཡོངས་ཀྱི་གནས་སྟངས་ཤེས་པའི་བསམ་རྒྱ་ཆེ་ཙམ་གནང་དགོས་པ་ཡིན་ཞེས་བཀའ་སྩལ་གནང་འདུག།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།