ཨོ་ལིམ་པིག་ཏུ་༸གོང་ས་མཆོག་ལ་གདན་ཞུ་བཏང་མེད་པ་རེད།

ཨོ་ལིམ་པིག་གི་རྩེད་འགྲན་དབུ་འབྱེད་མཛད་སྒོར་རྒྱ་ནག་གཞུང་གིས་༸གོང་ས་མཆོག་དང་ཐའེ་ལྦན་གྱི་སྲིད་འཛིན་ལ་གདན་ཞུ་བཏང་མེད་པ་རེད།

2008-07-20
Share

༄༅༎པེ་ཅིང་ནང་ཟླ་བ་རྗེས་མའི་ཚེས་ ༨ ཉིན་འགོ་འཛུགས་བྱ་རྒྱུའི་ཨོ་ལིམ་པིག་གི་རྩེད་འགྲན་དབུ་འབྱེད་མཛད་སྒོར་ རྒྱ་ནག་གཞུང་གིས་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་གྱི་དབུ་ཁྲིད་ ༨༠ བརྒལ་བར་གདན་ཞུ་བཏང་ཡོད་ཀྱང་ དེ་དག་ཁོངས་སུ་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ ཐའེ་ལྦན་གྱི་སྲིད་འཛིན་མ་དབྱིང་ཅུ་རྣམ་གཉིས་ཀྱི་མཚན་འཁོད་མེད་པ་རེད་ཅེས་ རོཡེ་ཊར་གསར་སྤེལ་ལས་ཁང་གི་གསར་འགོད་པ་ སྦེན་ཇ་མིན་ཀང་ལིམ་གྱིས་ཁ་ས་རྒྱ་ནག་གི་རྒྱལ་ས་ནས་གནས་ཚུལ་སྤེལ་ཡོད་པ་རེད་ ཁོང་གིས་འགྲེམས་སྤེལ་བྱས་པའི་གནས་ཚུལ་ནང་ བོད་མིའི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་གིས་པེ་ཅིང་ཨོ་ལིམ་པིག་གི་དབུ་འབྱེད་མཛད་སྒོར་ཕེབས་གནང་བ་ཡིན་ན་ འདི་ལོའི་ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་གཞུང་ལ་བོད་ནང་གི་བོད་མི་ཚོས་བརྩམས་པའི་ཞི་བའི་ལས་འགུལ་ཐོག་ལ་རྒྱ་ནག་གཞུང་གིས་དྲག་གནོན་ཚབས་ཆེ་བྱས་པའི་ཉེར་ལེན་གྱིས་འཛམ་གླིང་ནང་རྒྱ་ནག་གཞུང་གི་མཐོང་ཕྱོགས་ལ་མིང་འཕྱས་ངན་པ་ཐོན་པ་དེར་སྨ་ཁ་གསོས་པའམ་ ཞིག་གསོ་བྱས་ཏེ་ བཟང་ཕྱོགས་སུ་རྣམ་པ་འགྱུར་རྒྱུའི་ཕན་ཐོགས་ཡོང་བའི་རེ་བ་ཡོད་པ་རེད་ པེ་ཅིང་ནང་ཚུགས་རྒྱུའི་ཨོ་ལིམ་པིག་གི་རྩེད་འགྲན་དེ་བཞིན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཏའོའི་ངོས་ནས་ འཛམ་གླིང་ནང་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ངོམས་ཡག་དང་ འཆམ་མཐུན་ལྡན་པའི་སྤྱི་ཚོགས་སོགས་འགྲེམས་སྟོན་བྱ་རྒྱུའི་ཆབ་སྲིད་ཀྱི་ཟློས་གར་གཙོ་བོ་ཞིག་ཆགས་ཡོད་པ་རེད་ འོན་ཀྱང་གལ་ཏེ་ཏཱ་ལའི་བླ་མ་མཆོག་པེ་ཅིང་ཨོ་ལིམ་པིག་གི་དབུ་འབྱེད་མཛད་སྒོར་གདན་འདྲེན་ཞུས་པ་ཡིན་ན་ པེ་ཅིང་གི་ཨོ་ལིམ་པིག་དེ་ཏཱ་ལའི་བླ་མའི་ཨོ་ལིམ་པིག་ཡིན་པ་ལྟ་བུར་རྣམ་པ་འགྱུར་སྲིད་པ་དང་ འཛམ་གླིང་ནང་ཡོངས་གྲགས་ཆེ་བའི་ཏཱ་ལའི་བླ་མའི་མཚན་མཐོང་གིས་ རྒྱ་ནག་གི་སྲིད་འཛིན་ ཧུའུ་ཇིན་ཏའོའི་ཆེ་མཐོང་དང་འབྲུག་སྐད་ཆུང་དུ་འགྲོ་བའམ་ ཡང་ན་ བརླག་འགྲོ་བའི་ཉེན་ཁ་མཐོང་གི་ཡོག་རེད་ཅེས་མཚན་བཏོན་གནང་འདོད་མེད་པའི་རྒྱ་ནག་གཞུང་གི་སྲིད་བྱུས་རྒྱུས་མངའ་ཡོད་པའི་གནས་ཚུལ་ཐོན་ཁུངས་ཤིག་གིས་རོཡེ་ཊར་གསར་སྤེལ་ལས་ཁང་གི་གསར་འགོད་པར་བརྗོད་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།