མཛོད་དགེ་ལ་(H7N9)ཟེར་བའི་བྱ་ནད་ཅན་མི་གཉིས་བྱུང་འདུག


2017-05-02
Share
ཟི་ཁྲོན་མཛོད་དགེ་ཕྱོགས་ཀྱི་ས་ཁྲ། ཟི་ཁྲོན་མཛོད་དགེ་ཕྱོགས་ཀྱི་ས་ཁྲ།
RFA

མདོ་སྨད་མཛོད་དགེ་རྫོང་དུ་ཉུང་མཐར་(H7N9)ཟེར་བའི་བྱ་ནད་ཆམ་ཚད་རིགས་ཅན་གྱི་ནད་པ་མི་གཉིས་བྱུང་འདུག
དེ་ཡང་གནས་ཚུལ་འབྱོར་བ་ལྟར་ན། མདོ་སྨད་ཟི་ཁྲོན་མཛོད་དགེ་རྫོང་ཁོངས་སྟག་ཚ་ས་གནས་སུ་ཚོང་གཉེར་བྱེད་བཞིན་པ་ས་གནས་གཞན་ནས་ཡོང་བའི་རྒྱ་མི་རིགས་ཤིག་ལ་ཉིན་ཤས་སྔོན་ཆམ་པ་ཕོག་ནས་མཛོད་དགེ་རྫོང་དང་། འབར་ཁམས། ཟི་ཁྲོན་བཅས་ས་གནས་སྨན་ཁང་དུ་བརྟག་དཔྱད་རིམ་པ་བྱས་མཐར་རྒྱ་མི་དེར་དེང་སྐབས་རྒྱ་ནག་དང་བོད་ནང་ཁྱབ་བཞིན་པའི་(H7N9)ཟེར་བའི་བྱ་ནད་ཆམ་ཚད་རིགས་ཀྱི་ནད་འགོས་ཡོད་པ་ར་འཕྲོད་བྱུང་ཡོད་འདུག དེར་བརྟེན་གཞུང་ཕྱོགས་ནས་ས་གནས་དེའི་ཁྲོམ་ར་དང་ཚོང་ཁང་སོགས་ཚང་མ་སྒོ་རྒྱབ་ནས་ས་གནས་མི་མང་ཚོར་ཆམ་ནད་དེ་རིགས་འགོས་ཡོད་མེད་བརྟག་དཔྱད་བྱེད་བཞིན་ཡོད་འདུག
གནས་ཚུལ་ངོ་སྤྲོད་པས། གོང་ཞུས་རྒྱ་མི་རིགས་དེར་བྱ་ནད་འགོས་ཡོད་པའི་སྐོར་རྒྱ་ནག་ཁྲིན་ཏུའུ་ཧའ་ཤིའི་སྨན་ཁང་ནས་བརྟག་དཔྱད་ར་འཕྲོད་བྱུང་ཡོད་པ་རེད་ཅེས་དང་། ཡང་ས་གནས་བོད་མི་གཞན་ཞིག་གིས། མཛོད་དགེ་ས་གནས་ནང་བྱ་ནད་ཆམ་པའི་རིགས་འགོས་ཁྱབ་བྱུང་སྟེ་མི་གཅིག་འདས་གྲོངས་སུ་ཕྱིན་ཡོད་པ་དང་། དེ་མིན་མི་གཞན་ཞིག་ད་དུང་སྨན་ཁང་དུ་ཡོད་མུས་ཡིན་པའི་སྐོར་ངོ་སྤྲོད་གནང་འདུག
ཉེ་ཆར་རྒྱ་ནག་གི་ཞིང་ཆེན་རིམ་པ་དང་ས་གནས་ཀྱི་དཔོན་རིགས་ཚོས་བོད་དང་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་ H7N9 གྱི་བྱ་ནད་ཆམ་རིགས་འགོས་ཁྱབ་བྱུང་སྟངས་ཀྱི་གནས་ལུགས་གསལ་སྟོན་བྱས་ཡོད་པ་གཞིར་བཟུང་ལྟར་ན། བོད་ནང་བྱ་ནད་དེ་ཐོག་མར་ཟི་ཁྲོན་ཞིང་ཆེན་ནས་ཡོང་པའི་མི་ཞིག་ལ་འགོས་ཡོད་པ་དང་། མི་དེ་འདི་ལོ་ཕྱི་ཟླ་གཉིས་པ་ནས་བཟུང་བོད་ནང་གི་བྱ་གསོ་ཁང་ཞིག་གི་ནང་ལས་ཀ་བྱས་ཏེ་སྡོད་མཁན་ཞིག་ཡིན་འདུག་ཅིང་། ཁོ་པ་ཕྱི་ཟླ་བཞི་པའི་ནང་ནད་མནར་སྡུག་པོ་བྱུང་སྟེ། མཐར་ཁོ་པར་བྱ་ནད་དེ་ཕོག་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད།
དེ་བཞིན་ཉེ་བའི་ཆར་བོད་ཀྱི་རྒྱལ་ས་ལྷ་སར་(H7N9)ཟེར་བའི་བྱ་ནད་ཆམ་ཚད་རིགས་ཅན་གྱི་ནད་པ་མི་གཉིས་བྱུང་བའི་གནད་ཚུལ་ཐོན་ཡོད།

གསར་འགོད་པ་བློ་བྷེ། ཕབ་བསྒྱུར་འཆི་མེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།