རྒྱལ་སྤྱིའི་གནོན་ཤུགས་དང་སྐྱོན་བརྗོད་འོག་རྒྱ་ནག་དཔོན་རིགས་མང་པོ་ཞིག་ཞིན་ཅང་ནས་ཕྱིར་རྒྱ་ནག་ཏུ་ལོག་བཞིན་པ།
2019.12.05
ཤར་ཏུར་ཀི་སི་ཐན་ནམ་ཞིན་ཅང་དུ་རྒྱ་ནག་གཞུང་གིས་གདུག་རྩུབ་དྲག་གནོན་གྱི་སྲིད་ཇུས་སྤེལ་བཞིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་དྲག་པོ་བྱེད་བཞིན་ཡོད་པའི་གནས་བབ་འོག་ད་ཆ་རྒྱ་ནག་གི་དཔོན་རིགས་ཚོ་ཞིན་ཅང་ནས་ཕྱིར་རྒྱ་ནག་ནང་ལོག་བཞིན་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་གཙོས་པའི་གྲངས་ཉུང་མི་རིགས་ཚོའི་ཐོག་གདུག་རྩུབ་ཆེ་བའི་དྲག་གནོན་གྱི་སྲིད་ཇུས་སྤེལ་བཞིན་ཡོད་པ་དང་། ཡུ་གུར་དང་ཧ་སག་ཁ་ཆེ་མི་རིགས་ས་ཡ་གཅིག་ལྷག་ཆབ་སྲིད་སློབ་གསོའི་མིང་ཐོག་ནས་བཀག་སྐྱིལ་བྱས་པའི་གནས་ཚུལ་ཕྱིར་གྱར་རྗེས། རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ལ་སྐྱོན་བརྗོད་རབ་དང་རིམ་པ་བྱས་པ་དང་། ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོས་པའི་གཞི་རྩའི་རང་དབང་དང་ཐོབ་ཐང་བསྐྱར་གསོ་བྱེད་དགོས་ལུགས་རྒྱ་ནག་ལ་གནོན་ཤུགས་སྤྲོད་བཞིན་ཡོད་ལ། གནས་སྟངས་དེའི་ཐོག་རྒྱ་མི་རིགས་ཚོས་ཀྱང་བློ་འཚབ་བྱེད་བཞིན་པ་མ་ཟད། ད་ཆ་རྒྱ་ནག་གཞུང་གི་དཔོན་རིགས་མང་པོ་ཞིག་ཞིན་ཅང་དུ་སྡོད་བློ་མ་བཟོད་པར་རྒྱ་ནག་ནང་ཕྱིར་ལོག་བཞིན་ཡོད་པའི་སྐོར་ལྷོ་རྒྱ་ནག་ཞོགས་པའི་ཕོ་ཉ་ཞེས་པའི་ཚགས་པར་གྱིས་གནས་ཚུལ་སྤེལ་འདུག ས་གནས་ཀྱི་གནས་ཚུལ་ཛ་དྲག་ཆགས་ཡོད་པའི་སྐོར་རྒྱ་ནག་གི་ཞིན་ཅང་གི་ལས་དོན་འགན་འཁུར་མཁན་ཝང་ཡང་གིས་སྲིད་འཛིན་ཞི་ཅིན་ཕིང་ལ་དུས་ཐོག་སྙན་སེང་ཞུ་བཞིན་པར་བརྟེན་སྲིད་འཛིན་ཞི་ཅིན་ཕིང་གིས་གནས་ཚུལ་ཇི་མ་ཇི་བཞིན་མཁྱེན་གྱིན་ཡོད་ཚུལ་འགྲེལ་བརྗོད་བྱས་འདུག ད་ཆ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཤར་ཏུར་ཀི་སི་ཐན་ནང་ཞིབ་འཇུག་ཚོགས་ཆུང་གཏོང་རྩིས་ཡོད་པའི་སྐབས་སུ་ས་གནས་ཀྱི་རྒྱ་མི་རིགས་མང་པོ་ཞིག་རྒྱ་ནག་ཏུ་ཕྱིར་ལོག་བྱེད་འགོ་བཙུགས་ཡོད་པས་དེ་དག་གི་ཚབ་ཏུ་་གསར་བ་བསྐོ་གཞག་བྱེད་རྒྱུར་ཡང་དཀའ་ངལ་འཕྲད་བཞིན་ཡོད་པ་རེད། རྒྱ་ནག་གཞུང་ཕྱོགས་ནས་༢༠༠༩ ལོར་ཞིན་ཅང་ཁ་ཆེའི་འཇིགས་སྐུལ་དྲག་སྤྱོད་པས་ཡུལ་མི་བརྒྱ་ཕྲག་ཁ་ཤས་རྐྱེན་ལམ་དུ་བཏང་བའི་དོན་རྐྱེན་བྱུང་སྟབས་དམ་དྲག་མ་བྱས་རང་བྱས་བྱུང་ལུགས་འགྲེལ་བརྗོད་བྱས་ཡོད་པ་རེད།།