༧གོང་ས་མཆོག་གིས་དབུ་མ་རྩ་བ་ཤེས་རབ་ཀྱི་ཆོས་འབྲེལ།


2014.10.06
༧གོང་ས་མཆོག་ནས་བཞུགས་སྒར་དུ་དབུ་མ་རྩ་བ་ཤེས་རབ་ཀྱི་ཆོས་འབྲེལ་གནང་བཞིན་པ། ༢༠༡༤།༡༠།༠༦ ༧གོང་ས་མཆོག་ནས་བཞུགས་སྒར་དུ་དབུ་མ་རྩ་བ་ཤེས་རབ་ཀྱི་ཆོས་འབྲེལ་གནང་བཞིན་པ། ༢༠༡༤།༡༠།༠༦
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌།

2014-10-04

ཆོས་བརྒྱུད་བར་ཁྱད་པར་ཕྲན་བུ་ཡོད་ཀྱང་ཆོས་བརྒྱུད་ཚང་མའི་སྙིང་དོན་ཡོངས་རྫོགས་གཅིག་གྱུར་ཡིན་སྐོར་གསུངས་འདུག
བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཚེས་༦་ཉིན་ནས་བཟུང་ཉིན་གྲངས་བཞིའི་རིང་ཐེ་ཝན་གྱི་དད་ལྡན་པ་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་སྐོར་གསུང་ཆོས་སྩལ་གནང་མཛད་འདུག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབས་ཀྱི་གསུང་ཆོས་བཀྲིན་ཆེ་གནང་མཛད་བཞིན་པ་དེའི་ནང་ཐེ་ཝན་ནས་དད་ལྡན་པ་༨༠༠་ལྷག་གཙོས་པའི་ཕྱི་ནང་མི་མང་༤༠༠༠་ལྷག་ཆེད་བཅར་ཞུས་འདུག ༧གོང་ས་མཆོག་གིས་གསུང་ཆོས་ངོ་སྤྲོད་ཚུལ་དུ་བོད་བརྒྱུད་ནང་ཆོས་ནི་རྒྱ་གར་གྱི་ན་ལེནྡྲ་ནང་པའི་ཆོས་བརྒྱུད་གཙང་མ་སྤུས་དག་ཚུལ་ཡོད་སྐོར་བཀའ་གནང་བ་དང་བོད་བརྒྱུད་ནང་ཆོས་དེ་བཞིན་ས་སྐྱ་དང་དགེ་ལུགས། བཀའ་བརྒྱུད། རྙིང་མ་བཅས་ནང་ཚན་ཡོད་པ་དེ་དག་ལ་ཆོ་ག་ཕྱག་ལེན་གནང་སྟངས་ཐད་ཁྱད་པར་ཕྲན་བུ་ཡོད་ཀྱང་ཆོས་བརྒྱུད་ཚང་མའི་སྙིང་དོན་ཡོངས་རྫོགས་གཅིག་གྱུར་ཡིན་སྐོར་བཀའ་གནང་འདུག ༧གོང་ས་མཆོག་གིས་མུ་མཐུད་བཀའ་སྩལ་དོན་ལ། ས་སྐྱ་བཀའ་རྙིང་དང་ཇོ་སྣང་དང་བཅས་པའི་ཆོས་བརྒྱུད་སོ་སོས་རང་གི་ཆོས་ལུགས་དང་ཆོ་ག་ཕྱག་ལེན་གནང་ཕྱོགས་ལ་ཐུགས་སྣང་ཆེན་པོ་གནང་དྲག་པའི་རྐྱེན་གྱིས་ནང་ཆོས་ཀྱི་སྙིང་དོན་གཙོ་བོ་ཕྱག་ལེན་གནང་རྒྱུ་བརྗེད་འགྲོ་ཡི་ཡོད་པ་རེད། དེ་འདྲ་སོང་ཙང་བོད་བརྒྱུད་ནང་ཆོས་ཀྱི་རྩ་བ་ན་ལེནྡྲའི་སྲོལ་རྒྱུན་ལ་དོ་སྣང་ཆེ་བ་བྱེད་དགོས་པ་དང་ཆོས་བརྒྱུད་ཚང་མ་མཐུན་སྒྲིལ་དགོས་པའི་དམིགས་ཡུལ་གཅིག་གྱུར་ཡིན་སྐོར་ཡང་བཀའ་སྩལ་གནང་མཛད་འདུག དེ་ནས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་དད་ལྡན་པ་རྣམས་ནས་བོད་བརྒྱུད་ནང་ཆོས་ཀྱི་ཆོས་བརྒྱུད་སོ་སོའི་ཆོ་ག་ཕྱག་ལེན་གནང་སྟངས་ལས་ནང་ཆོས་ཀྱི་རྩ་བ་ཤེས་རྟོགས་བྱ་རྒྱུར་དོ་སྣང་ཆེ་བྱེད་དགོས་པའི་ལམ་སྟོན་བཀའ་སློབ་སྩལ་གནང་མཛད་པ་མ་ཟད། དབུ་མ་འཇུག་པ་དེ་བཞིན་བོད་ལ་སངས་རྒྱས་བསྟན་པ་མ་དར་གོང་ནས་རྒྱ་ཡིག་ཐོག་ཡོད་པ་དང་རྒྱ་ཡིག་ནང་ཡོད་པའི་གཞུང་དེ་འདྲའི་ཐོག་ནས་ནང་ཆོས་ངོ་སྤྲོད་གནང་རྒྱུ་དང་ཐེ་ཝན་གྱི་ཕ་མེས་ནས་ཡོད་པའི་ཕྱག་དཔེ་དེ་ངོ་སྤྲོད་གནང་རྒྱུ་གནད་འགག་གཟིགས་ཀྱི་ཡོད་པ་མ་ཟད། ཆོས་ཞུ་བ་ཡོངས་རྫོགས་མགོན་པོ་ཀླུ་གྲུབ་ཀྱི་རྗེས་དྲངས་པ་ཡིན་པའི་བསམ་པ་གཅིག་གྱུར་ཡོད་སྐོར་སོགས་བཀའ་སྩལ་གནང་མཛད་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

ཞིབ་ཕྲ་འདི་གའི་གསར་འགོད་པ་བློ་བྷེ་ཡིས་བཏང་བའི་གནས་ཚུལ་ལ་གསན་རོགས།

གསར་འགོད་པ་བློ་བྷེ།


2014-10-04

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ཟླ་ ༡༠ ཚེས་ ༦ ནས་ ༩ བར་ཐེ་ཝན་གྱི་ནང་པའི་ཚོགས་པ་ཁག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། བཞུགས་སྒར་རྡ་ར་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་སྒོ་ནས་ཆོས་འབྲེལ་གསུང་ཆོས་བསྩལ་གནང་མཛད་རྒྱུ་ཡིན་འདུག།
འདིའི་གོང་ཕྱི་ཟླ་ ༩ ཚེས་ ༢༤ ནས་ ༢༦ བར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ལྷོ་ཤར་ཨེ་ཤི་ཡའི་དད་ལྡན་གཙོ་བོར་གྱུར་བའི་ཆོས་ཞུ་བ་སྟོང་ཚོ་འགའ་ཤས་ལ་སྤྱོད་མཇུག་ཆེན་མོའི་གསུང་ཆོས་བསྩལ་གནང་མཛད་ཡོད་པ་རེད།
རྒྱ་ནག་དང་ཐེ་ཝན། ཀོ་རི་ཡ། ཝིཡེཏ་ནམ། སིང་ག་པུར། མ་ལེ་ཤི་ཡ། ཨུ་རུ་སུ་སོགས་ཨེ་ཤི་ཡའི་ཡུལ་གྲུ་མང་པོའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རྗེས་མཇུག་སློབ་མ་ཧ་ཅང་མང་པོ་ཡོད་ཅིང་། ལོ་མང་ནས་བཟུང་དུས་ནས་དུས་སུ་ཡུལ་གྲུ་དེ་དག་གི་མི་ཁོངས་ཚོགས་སྡེའི་ངོ་བོའི་ཐོག་ནས་བཞུགས་སྒར་རྡ་རམ་ས་ལར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་ཞུ་བར་བཅར་བཞིན་ཡོད་པ་རེད།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་བསྩལ་བ་ཁག་ www.dalailama.comགྱི་དྲ་རྒྱའི་ཐོག་གསན་གཟིགས་ཐུབ་རྒྱུ་་ཡིན་ཞིང་།  དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་རྒྱའི་ཐོག་དྲིལ་བསྒྲགས་གནང་པར་གཞིགས་ན། ཕྱི་ཚེས་ ༦ ནས་ ༩ བར་ཏེ་ཉིན་གྲངས་བཞིའི་རིང་གི་གསུང་ཆོས་དེ་དྲ་རྒྱའི་ཐོག་རྒྱ་གར་གྱི་སྔ་དྲོའི་ཚོུད་ ༨ ནས་ ༡༢ བར་ཐད་གཏོང་གནང་རྒྱུ་ཡིན་འདུག། དེ་ཡང་བོད་སྐད་དང་རྒྱ་སྐད། དབྱིན་སྐད། ཝིཡེཏ་ནམ། ར་ཤི་ཡའི་སྐད་བཅས་ཀྱི་ནང་གནང་པའི་ཐད་བསྒྱུར་དྲ་རྒྱའི་ཐོག་གཟིགས་ཐུབ་རྒྱུ་ཡིན་པ་བཀོད་འདུག།
དེ་རྗེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༡༠ ཚེས་ ༢༡ ནས་ ཕྱི་ཟླ་ ༡༡ ཚེས་ ༤ བར་ཀེ་ན་ཌ་དང་ཨ་མི་རི་ཀའི་ནང་འཚམས་གཟིགས་གནང་རྒྱུའི་མཛད་འཆར་ཡོད་པ་རེད།།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎