༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་དཔེ་མཛོད་ཁང་གི་ལས་བྱེད་ཚོར་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ།
དྷ་ས་བོད་ཀྱི་དཔེ་མཛོད་ཁང་དབུ་བརྙེས་ནས་མི་ལོ་ ༥༤ འཁོར་བའི་སྐབས་དང་བསྟུན། དཔེ་མཛོད་ཁང་གི་ངེས་སྟོན་པ་དང་ལས་བྱེད་རྣམ་པ་བཅས། ཟླ་ ༡༢ ཚེས་ ༢ ཉིན་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས། ཁོང་ཚོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་སྩལ་བ་དང་འབྲེལ། སྐབས་དེར་༸མགོན་པོ་གང་ཉིད་མཆོག་གིས། “བོད་ཙམ་མ་ཡིན་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཚང་མས་ངོས་ལ་ཡིད་ཆེས་དང་དགའ་མོས་ཆེན་པོ་གནང་གི་ཡོད་པ་དང་།ངོས་ནས་ཀྱང་ཞོགས་པ་ཡར་ལངས་མ་ཐག་ཏུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ། ལྷ་ཡི་རྣལ་འབྱོར་བཅས་ཉིན་ལྟར་སྒོམ་བཞིན་པའི་ལག་རྗེས་སུ། ངོས་རང་དགེ་སློང་སེར་པོ་གཅིག་གིས་བསླབ་པ་གསུམ་གྱི་ཉམས་ལེན་དང་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་དེ་གྲས་ཉམས་ལེན་རྡོ་རུས་ཐུག་པ་བྱས་ཡོད་”ཅེས་བཀའ་སྩལ་གནང་འདུག
ལོ་ཤས་ཀྱི་གོང་ནས་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་གསར་འཛུགས་གནང་ནས་ལོ་ངོ་ ༥༠ འཁོར་བའི་དུས་ཚིགས་ཕྱིན་ཟིན་པ་མ་ཟད། སྐབས་ཐོག་དེར་འཛམ་གླིང་སྤྱི་ལ་ཏོག་དབྱིབས་ནད་ཡམས་ཁྱབ་བརྡལ་ཆེན་པོ་སོང་བར་བརྟེན། མཛད་སྒོ་ཕྱིར་འགྱངས་ཐེངས་མང་གནང་སྟེ་དུས་ཐོག་ཏུ་འཚོགས་ཐུབ་མེད་ནའང་། ལས་བྱེད་ཚང་མས་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁར་བཅར་རྒྱུ་ཧ་ཅང་གལ་ཆེན་དུ་ཞིག་ཏུ་བརྩིས་ཏེ་མཇལ་བཅར་གནང་བ་ཞིག་དང་། གལ་ཆེ་ཤོས་བོད་ཀྱི་དཔེ་མཛོད་ཁང་དབུ་བརྙེས་ནས་ད་ལྟའི་བར་ཧུར་ཐག་གནང་བའི་བྱེད་སྒོ་རྣམ་གཞག་ཁག་གི་དཔེ་མཚོན་དུ། ལས་བྱེད་དྲུག་ཅུ་ལྷག་དང་འཆར་ཅན་འཛིན་གྲྭར་ཡོང་བསྡད་པའི་ཕྱི་རྒྱལ་སློབ་ཕྲུག་ཉིས་བརྒྱ་བརྒལ་བ། ལོ་རེར་དེབ་ ༤༠ ལྷག་རེ་དཔེ་སྐྲུན་གནང་བཞིན་པ་སོགས་༸མགོན་པོ་མཆོག་ལ་སྙན་སྒྲོན་དུ་ཕུལ་ཡོད་པ། བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ནས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
བོད་ཀྱི་དཔེ་མཛོད་ཁང་ནི་བཙན་བྱོལ་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་རིག་གཞུང་ཉམས་གསོ་དང་སྲུང་སྐྱོབ། ཉར་ཚགས། གོང་འཕེལ་བཅས་ལ་དམིགས་ཏེ་ ༡༩༧༠ ལོར་གསར་འཛུགས་གནང་བ་ཞིག་ཡིན་པས། དཔེ་མཛོད་ཁང་གིས་ད་བར་བོད་ཡིག་གི་དཔེ་དེབ་གྲངས་ཆིག་འབུམ་ཉིས་ཁྲི་ཉིས་སྟོང་ལྷག་ཕྱོགས་བསྡུས་དང་། ངག་རྒྱུན་ལོ་རྒྱུས་ཀྱི་དེབ་གྲངས་ ༥༠ ལྷག གཞན་ཡང་ཕྱི་ལོ་ ༢༠༡༢ ནས་ ༢༠༢༢ བར་བོད་ཡིག་གི་དེབ་སྣ་ཚོགས་ ༦༠ བརྒལ་བ་དཔར་སྐྲུན་གནང་ཡོད་པ་མ་ཟད། ཕྱི་རྒྱལ་སློབ་ཕྲུག་མཁས་པ་དང་ལོ་ཙཱ་བ་སོགས་ཀྱང་མང་པོ་ཞིག་དཔེ་མཛོད་ཁང་ནས་སློབ་ཐོན་གནང་ཡོད་སྟབས། བོད་ཀྱི་དཔེ་མཛོད་ཁང་དེ་བཞིན་ ༢༠༠༦ ལོར་རྒྱ་གར་གཞུང་གི་ལག་བྲིས་སྲུང་སྐྱོབ་ལས་ཁང་ནས་རྒྱལ་ཁབ་ཀྱི་ཕྱག་དཔེའི་ཐོན་ཁུངས་བསྟི་གནས་ཤིག་ཏུ་ངོས་འཛིན་གནང་ཡོད་པ་རེད།
གསར་འགོད་པ། བློ་བྷེ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།