༸གོང་ས་༸སྐྱབས་མགོན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སུ་རྒྱ་གར་གནད་ཡོད་མི་སྣ་ཁག་ཅིག་དང་བོད་མི་བགྲེས་སོང་ཁྱོན་༣༠༠ཙམ་ཞིག་ལ་མཇལ་ཁ་སྩལ་བ།
ཟླ་བ་འདིའི་ཚེས་ ༡༠ ཉིན་གྱི་སྔ་དྲོར་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པིར་རྟེན་གཞི་བྱས་པའི་གདན་ས་བཀྲིས་ལྷུན་པོའི་དགོན་པའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་གྱི་གནམ་དམག་གི་དམག་དཔོན་ (Nagesh Kapur) ལགས་དང་རྒྱ་གར་ས་གནས་ཤིང་ནགས་སྡེ་ཚན་གྱི་འགོ་འཛིན་ (Sima) ལགས། དེ་བཞིན་ཤྲི་ལངྐར་བཅའ་སྡོད་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ (Damenda Porage) ལགས་བཅས་ལ་མཇལ་ཁ་བཀྲིན་ཆེ་གནང་མཛད་ཡོད་ཅིང་། རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་ཀྱི་དྲུང་ཆེ་གཞོན་པ་དྷ་མེན་དྷ་ལགས་ཀྱིས་གསུངས་ན། ཁོང་ལ་དེ་སྔ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཟུར་མཇལ་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐེངས་མང་ཐོབ་མྱོང་ཡོད་ཅིང་། ཐེངས་འདིར་ཁོང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུན་ལྡན་བཀའ་སློབ་སྩལ་བ་ལྟར། འཛམ་གླིང་ཞི་དང་ནང་པ་ཕན་ཚུན་དབར་མཐུན་སྒྲིལ་དགོས་པའི་བཀའ་སློབ་སྩལ་གནང་གི་ཡོད་པ་ལྟར། ཤྲི་ལངྐར་སེམས་བསྐྱེད་གླིང་ཞེས་པའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་འཛིན་པའི་ཤེས་ཡོན་བརྗེ་ལེན་གྱི་བསྟི་གནས་ཤིག ཟླ་བ་འདིའི་ནང་དབུ་བཙུགས་མ་གནང་གོང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྨོན་བྱིན་རླབས་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུ་རྒྱུ་བྱུང་ཡོད་པ་དང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལས་གཞི་དེའི་སྐོར་གསན་པར་ཐུགས་དགྱེས་ཚོར་ཆེན་པོ་གནང་ཡོད་སྐོར་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གཞན་ཡང་ཐེངས་འདིར་མཇལ་ཁ་ཐོབ་མཁན་གྱི་ས་གནས་བོད་མི་བགྲེས་སོང་བསམ་འཁྱིལ་དབང་རྒྱལ་ལགས་དང་ཨ་མ་ཚེ་དབང་སྒྲོལ་མ་ལགས། ཨ་ཕོ་འཆི་མེད་ལགས་དང་ཨྱོན་ཚེ་རིང་ལགས་བཅས་ལ་མཚོན་ན། དེ་སྔ་ཁོང་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཟུར་མཇལ་ཐེངས་མང་ཐོབ་མྱོང་ཡོད་ན་ཡང་། ད་ཆ་མགོན་པོ་མཆོག་གི་སྐུ་ནའི་བབ་དང་བསྟུན་མཇལ་ཁའི་གོ་སྐབས་ཐོབ་པར་སྐལ་པ་བཟང་པོ་ཞིག་ལ་ངོས་འཛིན་གྱིས་དགའ་ཚོར་ཆེན་པོ་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག་ལ། མཇལ་བཅར་བའི་ཁོངས་ཨ་མ་བགྲེས་སོང་བདེ་སྐྱིད་ལགས་དང་ཆེད་བཅར་ཞུས་མཁན་དཀོན་མཆོག་ཆོས་སྒྲོན་ལགས་གཉིས་ནི་ཐེངས་འདིར་ཁོང་གཉིས་པོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཟུར་མཇལ་ཐོབ་པ་ནི་ཐེངས་དང་པོ་ཡིན་ཞེས་དགའ་ཚོར་གྱི་མིག་ཆུ་གཏང་གནང་གི་འདུག ཨ་རི་ཀེ་ལི་ཧྥོར་ནི་ཡ་ནས་ཡིན་པའི་དབང་ཕྱུག་ལགས་དང་དབྱངས་ཅན་ལགས་རྣམ་གཉིས་ནས་ཀྱང་ཁོང་རྣམ་པར་༸སྐུའི་ཞལ་མཇལ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ཞིང་མགོན་པོ་མཆོག་སྐུ་ཚེ་བརྟན་པའི་སྨོན་འདུན་ཞུས་ཀྱི་འདུག
སྦེང་ལོར་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་གསུངས་ན། ཡོང་རྒྱུའི་མཇལ་ཁའི་ཁྲོད་ལྷོ་ཕྱོགས་གཞས་ཆགས་ཁག་ཏུ་གནས་སྡོད་བགྲེས་སོང་ཙམ་དུ་མ་ཟད། སྦེ་ལ་ཀོ་པི་གཞིས་ཁུངས་ཀྱི་རིས་མེད་ཆོས་སྡེ་ཁག་གི་དགེ་འདུན་པ་དགུང་ལོ་ ༨༠ ཡན་ལ་རིམ་པས་མཇལ་ཁ་བཀྲིན་སྩལ་གནང་མཛད་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་གི་འདུག་ལ། གཞན་ད་ལྟའི་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ལྷོད་བཞུགས་མཛད་རྒྱུ་ལས་དམིགས་བསལ་མཛད་འཆར་གང་ཡང་མེད་སྐོར་གསུངས་ཀྱི་འདུག
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལྲ
་