ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ནུས་པ་ཆེ་རུ་གཏོང་འཆར་ཡོད་པ།

ལྕམ་ཧི་ལ་རི་ཀིལན་ཊན་མཆོག་ནས་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་འདི་བཞིན་ནུས་ལྡན་ཅན་ཞིག་བཟོ་འཆར་ཡོད་ལུགས་གནས་ཚུལ་ཐོན་འདུག

2008.12.23

༄༅༎ཐེངས་རྗེས་མའི་ཨ་རིའི་སྲིད་འཛིན་དུ་འོས་འདེམས་བྱུང་བ་སྐུ་ཞབས་སྦ་རཀ་ཨོ་སྦ་མ་མཆོག་གིས་སྲིད་གཞུང་རྗེས་མའི་ཨ་རིའི་-ཕྱི་སྲིད་དྲུང་ཆེར་མིང་བསྐོ་གནང་པ་ལྕམ་ཧི་ལ་རི་ཀིལན་ཊན་མཆོག་ནས་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་འདི་བཞིན་ནུས་ལྡན་ཅན་ཞིག་བཟོ་འཆར་ཡོད་པ་གཟའ་མིག་དམར་ཉིན་ཨ་རིའི་ཉིན་རེའི་གསར་ཤོག་ནིའུ་ཡོག་དུས་བབ་ཀྱིས་གནས་ཚུལ་སྤེལ་འདུག

ལྕམ་ཀིལན་ཊན་གྱི་ངོས་ནས་ཕྱི་སྲིད་ལས་ཁུངས་ཀྱི་ལོ་རེའི་སྔོན་རྩིས་སྤར་ཆ་གནང་རྒྱུ་དང་དེ་བཞིན་འཛམ་གླིང་ནང་གི་དཀའ་རྙོག་ཡོད་པའི་ས་ཁུལ་ཁག་གི་གནད་དོན་ཐད་ཆེས་མཐོའི་དམིགས་བསལ་སྐུ་ཚབ་བསྐོ་བཞག་གནང་རྒྱུ།ལྷག་པར་དུ་གོ་ལའི་དཔལ་འབྱོར་ཉམ་རྒུད་འགྲོ་བཞིན་པར་གདོང་ལེན་བྱ་རྒྱུར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ལས་འགན་ཆ་ཤས་རྒྱ་ཆེ་རུ་གཏོང་ཐབས་གནང་རྒྱུའི་འཆར་གཞི་ཡོད་འདུག་ཅིང་དཔལ་འབྱོར་དང་ཕྱི་སྲིད་འབྲེལ་ལམ་གཉིས་ནི་ཕན་ཚུན་ལྟོས་གྲུབ་ཀྱི་འབྲེལ་བ་ཤུགས་ཆེ་ཡོད་ཅིང་དཔེར་ན་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་ལམ་གྱི་གཙོ་སྙིང་ནི་དཔལ་འབྱོར་ལ་ཐུག་པ་ཞིག་ཡིན་པ་རེད། ཨ་མི་རི་ཀའི་ཉིན་རེའི་གསར་ཤོག་དེའི་ནང་གནས་ཚུལ་བཀོད་པར་གཞིགས་ན་སྲིད་འཛིན་གསར་པར་འདེམས་བསྐོ་བྱུང་བ་སྐུ་ཞབས་ཨོ་སྦ་མ་དང་ལྕམ་ཧི་ལ་རི་ཀིལན་ཊན་དབར་ཕྱི་སྲིད་ལས་ཁུངས་ཀྱི་ཆེས་མཐོའི་ལས་བྱེད་པ་སུར་བསྐོ་བཞག་བྱ་མིན་ཐག་གཅོད་གསལ་ཁ་ད་བར་གནང་མེད་པ་ཡིན་ན་ཡང་དཀྱིལ་ཤར་ཡུལ་གྲུའི་དམིགས་བསལ་སྐུ་ཚབ་ཀྱི་འོས་མིར་ཨ་མི་རི་ཀའི་ཕྱི་འབྲེལ་སྲིད་བྱུས་ལ་མཁས་པ་སྐུ་ཞབས་ཌེ་ནིསི་རོསི་དང་རི་ཆཌེ་ཧོལ་སྦུ་རུཀ་དེ་བཞིན་ཨིསེ་རེལ་དུ་ཨ་རིའི་གཞུང་ཚབ་གནང་མྱོང་མཁན་མཱཀ་ཨིན་ཌིཀ་བཅས་ཀྱི་མཚན་བཏོན་གནང་ཡོད་འདུག

དེ་བཞིན་ལྕམ་ཧི་ལ་རི་ཀིལན་ཊན་མཆོག་ནས་སྐུ་ཞབས་ཇེ་ཁོབ་ལིའུ་ཕྱི་སྲིད་དྲུང་ཆེ་གཞོན་པར་བསྐོ་བཞག་གནང་རྒྱུའི་དགོངས་བཞེས་གནང་བཞིན་ཡོད་འདུག་ཅིང་སྐུ་ཞབས་ཇེ་ཁོབ་ལིའུ་ནི་དེ་སྔོན་སྲིད་འཛིན་སྦིལ་ཀིལན་ཊན་སྐབས་སྔོན་རྩིས་འགན་འཛིན་གནང་ཡོད་པ་རེད། གལ་ཏེ་ཁོང་ཕྱི་སྲིད་དྲུང་ཆེ་གཞོན་པར་བསྐོ་བཞག་འབྱུང་ཚེ་དཔལ་འབྱོར་དང་འབྲེལ་བའི་གནད་དོན་ཐད་ཐུགས་འགན་རྐང་བཞེས་གནང་རྒྱུ་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎